Degé Kangyur volume 71, F.304.b

།ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཞི་གཎ་ཌཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ། །​སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་ལྔ་གཎ་ཌཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ། །​ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲུག་གཎ་ཌཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་གཎ་ཌཱིའི་དུས་ཀྱི་མདོ་རྫོགས་སྷོ།​། །​།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། །༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་ཀ་ལྱ་ཎ་མི་ཏྲ་སེ་བ་ནི་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤ་ན་གྱད་ཀྱི་ཉེན་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟེན་དང་གནས་པར་བྱའི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་དང་གནས་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་སེམས་ལ་འདི་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་བྱུང་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་ནི་དེ་ལྟ་མ་ལགས་སོ་སྙམ་བགྱིད་དོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh300.html?part=UT22084-071-014-42#UT22084-071-014-42