Degé Kangyur volume 70, F.29.b

དགེ་བའི་ལས་ཡོངས་སུ་ཟད་པའི་རྗེས་ཐོགས་སུ་སྡིག་པ་གང་གིས་འཆི་བའི་དུས་བྱེད་པར་འགྱུར་བ་རྣམས་ཡིན་ནོ། །​དེ་དག་རྣམས་ཀྱང་འཆི་བའི་རྟགས་ཆེན་པོ་བཅུ་གཉིས་ཡིན་ལ་དེའི་སྐད་ཅིག་ལ་འཆི་བའི་རྟགས་རྣམས་རིམ་གྱིས་མཐོང་བར་འགྱུར་ཏེ། སྔོན་གྱི་རྒྱུ་དང་བཅས་པའི་ལྷ་དེ་མི་ཉིད་དུ་འཆི་འཕོ་བར་འགྱུར་བའི་ལྷ་དེ་མྱུར་དུ་འཆི་འཕོ་བའི་རྟགས་ནི་འདི་ལྟ་སྟེ། གང་གིས་ལུས་ལས་འོད་རྣམས་འབྱུང་བར་འགྱུར་བ་དེ་རང་གི་ལུས་ཀྱི་རྗེས་སུ་འཇུག་སྟེ་ཇི་ལྟར་ནུབ་པར་འགྱུར་བའི་ཉི་མ་བཞིན་ནོ། །​གཞན་ཡང་འཆི་འཕོ་བའི་ལྟས་ཡོད་པ་ནི་ཇི་ལྟར་མེ་ཏོག་གི་ཕྲེང་བ་དང་འབྲས་བུ་རྣམས་རབ་ཏུ་མི་སྡུག་པར་འགྱུར་རོ། །​གཞན་ཡང་དེ་ཁོ་ན་འཆི་འཕོ་བའི་རྟགས་སུ་གྱུར་པ་ནི་འདི་ལྟ་སྟེ། མགོ་བོ་ལ་མེ་ཏོག་གང་དག་བཏགས་པར་གྱུར་པ་དེ་ནས་རབ་ཏུ་ཉིལ་ནས་འགྲོའོ། །​གཞན་ཡང་དེའི་དུས་ན་འཆི་འཕོ་བར་འགྱུར་བའི་ལྟས་ཡོད་པ་ནི་འདི་ལྟ་སྟེ། ཆུའི་ནང་དུ་སོང་བའི་བདག་གི་གཟུགས་བརྙན་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དག་ཉིད་ཀྱི་ལུས་ཀྱི་གཟུགས་བརྙན་མཐོང་བར་འགྱུར་དེ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་མི་རྣམས་ཀྱི་གཟུགས་ཀྱི་རྣམ་པ་དེ་སྲིད་ཁོ་ནས་ནང་དུ་སོང་བར་བདག་ཉིད་ཀྱི་གཟུགས་བརྙན་མཐོང་བར་འགྱུར་རོ། །​མཐོང་བ་འདི་དག་ནི་དེའི་རྗེས་ལ་འཆི་འཕོ་བའི་རྟགས་ལྔ་པ་ཡིན་ཏེ། གང་དག་གིས་དེའི་གཟུགས་བརྙན་ཅན་རྣམས་སམ་རྣམ་པ་དེ་འདྲ་བ་ཉིད་མཐོང་ནས་ཀྱང་ཤིན་ཏུ་སྐྲག་པར་འགྱུར་རོ། །​དེའི་བ་སྤུ་རྣམས་ཀྱང་ཚེར་མ་ལྟར་ལྡང་ངོ་། །​གཞན་ཡང་དེའི་སྐད་ཅིག་ལ་འཆི་འཕོ་བའི་རྟགས་སུ་གྱུར་པ་ནི་འདི་ལྟ་སྟེ། གནས་ལ་རྣམ་པར་འགྱུར་བ་འབྱུང་བར་འགྱུར་ཏེ་གལ་ཏེ་བཻ་ཌཱུརྱའི་རང་བཞིན་གྱི་སྟན་ལ་གནས་པར་འགྱུར་རམ། གལ་ཏེ་ན་དངུལ་གྱི་རང་བཞིན་ནམ། གལ་ཏེ་ན་གསེར་གྱི་རང་བཞིན་ནམ། གལ་ཏེ་ན་ཨིན་དྲ་ནཱི་ལའི་རང་བཞིན་གྱི་སྟན་དེ་དག་རྣམས་ཐམས་ཅད་ཀྱང་ཟངས་མར་འགྱུར་རོ། །​གཞན་ཡང་དེ་དང་འབྲེལ་ནས་འཆི་འཕོ་བར་འགྱུར་བའི་ལྟས་ལ་འདི་ལྟ་སྟེ། རླུང་གིས་འདིའི་གོས་ཀུན་ཏུ་སྐྱོད་པར་བྱེད་དོ། །​རེག་བྱ་ཚ་མོ་རྣམས་ཀྱིས་སྟན་ལས་རྡོ་རྗེ་བབ་པ་བཞིན་དུ་ཚོར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-101170#UT22084-068-021-101170