Degé Kangyur volume 66, F.271.b

ཐབས་ཆུང་ཟད་ཀྱིས་ཀྱང་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་ཕྱིར་མི་ལྡོག་པར་གཞོག་པ་ནས། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་སྣ་ཚོགས་དང་། ས་བཅུ་ལ་གཞོག་པའི་བར་དུ་ནུས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དེ་ནི་ཐབས་དང་། ཡེ་ཤེས་དང་། སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །​རིགས་ཀྱི་བུ་ནམ་མཁའི་ཚད་ནི་ལ་ལས་གཟུང་ནུས་ཀྱི། རིགས་ཀྱི་བུ་དེའི་ཐབས་དང་། ཡེ་ཤེས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚད་གཟུང་བར་ནི་མི་ནུས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དེ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །​རིགས་ཀྱི་བུ་སེམས་ཅན་གང་གཡོ་མེད་པ། སྒྱུ་མེད་པ། ཡང་དག་པའི་ནན་ཏན་དང་ལྡན་པ། ལྟ་བ་དྲང་པོ་དང་ལྡན་པ། གཞན་མི་སྨོད་པ། བདག་མི་སྟོད་པ། ཕྲག་དོག་དང་སེར་སྣ་སྤངས་པ། ཚུལ་འཆོས་པ་མེད་པ། ལྷག་པའི་བསམ་པ་དང་ལྡན་པ་དེ་དག་ལ་ནི་རིགས་ཀྱི་བུ་འདི་སྙིང་བརྩེ་བར་བྱེད་དེ། ཐབས་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། རྟུལ་བའི་ཐབས་ཀྱང་སྟོན་ཅིང་སེམས་ཅན་དེ་ཐབས་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། རྟུལ་བ་དེས་དེ་འདྲ་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བར་བྱེད་དོ། །​དགེ་བའི་རྩ་བ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་སྔོ་བར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །​མཐུ་དང་། བརྩོན་འགྲུས་དང་། རྟུལ་བ་ཆེན་པོ་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྲོ་བ་དང་། རྟུལ་བ་ཆེན་པོར་འགྱུར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དེ་ནི་ཡོན་ཏན་གྱི་ཆོས་དང་རྟུལ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh260.html?part=UT22084-066-018-334#UT22084-066-018-334