Degé Kangyur volume 64, F.156.a

དང་ལྡན་པར་ཡང་འགྱུར་རོ། །​སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཆེར་བཀུར་བར་ཡང་འགྱུར་རོ། །​དྲན་པ་དང་ལྡན་པར་ཡང་འགྱུར་རོ། །​གཟི་བྱིན་དང་ལྡན་པར་ཡང་འགྱུར་རོ། །​ཤེས་རབ་དང་ལྡན་པར་ཡང་འགྱུར་རོ། །​དགའ་བ་དང་ལྡན་པར་ཡང་འགྱུར་རོ། །​འཇིག་རྟེན་དང་འཐུན་པར་འཇུག་པར་ཡང་འགྱུར་རོ། །​འཇིག་རྟེན་ལ་ཕན་པར་འདོད་པར་ཡང་འགྱུར་རོ། །​འཇིག་རྟེན་ལ་བདེ་བར་ཡང་འགྱུར་རོ། །​འཇིག་རྟེན་གྱི་ཐུ་བོར་ཡང་འགྱུར་རོ། །​འཇིག་རྟེན་གྱི་གཙོ་བོར་ཡང་འགྱུར་རོ། །​འཇིག་རྟེན་གྱི་མཆོག་ཏུ་ཡང་འགྱུར་རོ། །​འཇིག་རྟེན་གྱི་རབ་ཏུ་ཡང་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པར་ཡང་འགྱུར་རོ། །​འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་གནས་སུ་ཡང་འགྱུར་རོ། །​སྦྱིན་བདག་ཆེན་པོར་ཡང་འགྱུར་རོ། །​སྟོབས་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ། །​དཔའ་བོ་ཆེན་པོར་ཡང་འགྱུར་རོ། །​བརྩོན་འགྲུས་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ། །​བྱམས་པའི་སེམས་དང་ལྡན་པར་ཡང་འགྱུར་རོ། །​བདེན་པར་སྨྲ་བར་ཡང་འགྱུར་རོ། །​བརྟུལ་ཞུགས་བརྟན་པར་ཡང་འགྱུར་རོ། །​བརྩོན་འགྲུས་བརྩམས་པར་ཡང་འགྱུར་རོ། །​བྱམས་པ་ལ་གནས་པར་ཡང་འགྱུར་རོ། །​སྙིང་རྗེ་ལ་གནས་པར་ཡང་འགྱུར་རོ། །​དགའ་བ་ལ་གནས་པར་ཡང་འགྱུར་རོ། །​བཏང་སྙོམས་ལ་གནས་པར་ཡང་འགྱུར་རོ། །​སྟོང་པའི་ཆོས་རྣམས་ལ་སྟོང་པར་སྨྲ་བར་ཡང་འགྱུར་རོ། །​སྟོང་པ་མ་ཡིན་པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་ཀྱི་དོན་རྟགས་སྨྲ་བར་ཡང་འགྱུར་རོ། །​སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བ་སྨྲ་བར་ཡང་འགྱུར་རོ། །​གཙང་བར་ཡང་འགྱུར་རོ། །གཙང་མས་ཕྱུག་པར་ཡང་འགྱུར་རོ། །​ཡོན་ཏན་གྱིས་ཕྱུག་པར་ཡང་འགྱུར་རོ། །​ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །​ཆོས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །​དབྲོག་ཏུ་མེད་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་རོ། །​སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་རོ། །​སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྟོན་པ་ན་མི་སྐྲག་མི་དངང་ཞིང་དངང་བར་ཡང་མི་འགྱུར་རོ། །​སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་བྱ་བར་སེམས་བསྐྱེད་པ་དེ་དང་དེར་སྐྱེ་བར་ཡང་འགྱུར་རོ། །​རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དོན་དུ་མི་གཉེར་བར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1550#UT22084-064-002-1550