Degé Kangyur volume 64, F.155.b

མཚོ་དུག་ཅན་ལྟ་བུར་ཡང་འགྱུར་རོ། །​དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་རོ། །​གཏི་མུག་གི་མུན་པ་སེལ་བའི་ཕྱིར་ཉི་མ་ལྟ་བུར་ཡང་འགྱུར་རོ། །​ཉོན་མོངས་པས་འཁོར་བ་ལ་མངོན་པར་འཇུག་ཅིང་འགྲོ་བའི་ཚེ་བར་སྣང་ལྟ་བུར་ཡང་འགྱུར་རོ། །​དེ་དང་དེ་མངོན་པར་རྟོགས་པས་པད་མ་ལྟ་བུར་གོས་པ་མེད་པར་ཡང་འགྱུར་རོ། །​སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་རོ། །​ཆོས་ཐམས་ཅད་ལ་ངེས་པར་འབིགས་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་ཐོས་ན་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་རིགས་དང་རྒྱུད་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་བཻ་དཱུརྱ་ལྟ་བུར་ཡང་འགྱུར་རོ། །​ཉོན་མོངས་པའི་རྙོག་པ་སེལ་བའི་ཕྱིར་རྒྱ་མཚོ་དུག་ཅན་པའི་གསེར་གྱི་ཕ་བོང་ལྟ་བུར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའི་རང་བཞིན་མཐོང་བའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་ཆོས་ལས་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པ་གཏན་དུ་མྱ་ངན་ལས་མི་འདའ་ཞིང་ཆོས་ནུབ་པར་མི་འགྱུར་བ་ཐོས་ན་མི་གཡོ་བའི་ཕྱིར་སྒོའི་ཐེམ་པ་ལྟ་བུར་ཡང་འགྱུར་རོ། །​ཡང་དག་པ་མཐོང་བའི་ཕྱིར་སེམས་བརྟན་ཞིང་གནས་པར་ཡང་འགྱུར་རོ། །​སེམས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་རོ། །​མངོན་སུམ་དུ་ཡོན་ཏན་མང་པོ་འཐོབ་པ་མང་བར་ཡང་འགྱུར་རོ། །​ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པར་ཡང་འགྱུར་རོ། །མཛེས་པར་ཡང་འགྱུར་རོ། །​བལྟ་ན་སྡུག་པར་ཡང་འགྱུར་རོ། །​བརྐམ་པ་མེད་པར་ཡང་འགྱུར་རོ། །​ལུས་ཆུང་ངུར་ཡང་མི་འགྱུར་རོ། །​ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་ཡང་འགྱུར་རོ། །​རིགས་མཐོན་པོར་སྐྱེ་བར་ཡང་འགྱུར་རོ། །​རིགས་ཆེན་པོར་སྐྱེ་བར་ཡང་འགྱུར་རོ། །འཁོར་མང་བར་ཡང་འགྱུར་རོ། །​འཁོར་མི་ཕྱེད་པར་ཡང་འགྱུར་རོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །​ཁ་ཟས་ལ་བརྐམ་པར་ཡང་མི་འགྱུར་རོ། །​ཤའི་ཁ་ཟས་ཀྱང་རྣམ་པར་སྤོང་བར་ཡང་འགྱུར་རོ། །​བློ་གྲོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1549#UT22084-064-002-1549