Degé Kangyur volume 64, F.155.a

མོངས་པའི་ཚོང་རྡལ་འཐོབ་པར་ལྟ་བར་ཡང་འགྱུར་རོ། །​འཁོར་བའི་རྒྱ་མཚོ་ཆེན་པོ་འཐོབ་པས་སྐོམ་པར་ཡང་འགྱུར་རོ། །​འཁོར་བ་ལ་སྲེད་པར་ཡང་འགྱུར་རོ། །​འཁོར་བ་འཐོབ་པ་ལ་རག་ལས་པའི་སེམས་སུ་ཡང་འགྱུར་རོ། །​འཁོར་བ་འཐོབ་པ་མི་གཏོང་བར་ཡང་འགྱུར་རོ། །འཁོར་བའི་ཆུ་ལ་པད་མའི་རྒྱལ་པོ་རྒྱས་པར་ཡང་འགྱུར་རོ། །​འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་གཞིར་ཡང་འགྱུར་རོ། །​འཁོར་བའི་ཉོན་མོངས་པ་ལ་རྟག་ཏུ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གཏོད་པའི་ངང་ཚུལ་ཅན་དུ་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་རོ། །​སེམས་ཅན་དམྱལ་བ་ཐོབ་པ་མི་གཏོང་བར་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་ཉོན་མོངས་པས་སྙོན་རྨོངས་པར་གྱུར་པ་རྣམས་ལ་བདེ་ཞིང་བསིལ་བའི་རླུང་དུ་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་མེ་དྲག་པོ་ལ་སྤྲིན་ཆེན་པོ་ལས་ཆར་ཀུན་ཏུ་འབེབས་པར་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་ཐོག་ཏོག་ཏུ་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་སྟོན་པ་པོར་ཡང་འགྱུར་རོ། །སེམས་ཅན་དམྱལ་བའི་རྒྱ་མཚོའི་མཉན་པ་ཆེན་པོར་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་སྨན་པར་ཡང་འགྱུར་རོ། །​སེམས་ཅན་དམྱལ་བའི་ཟས་སུ་ཡང་འགྱུར་རོ། །​འཁོར་བའི་སྡུག་བསྔལ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་ཟིན་པའི་མུན་པ་མུན་ནག་བསལ་བའི་ཕྱིར་སྒྲོན་མ་ལྟ་བུར་ཡང་འགྱུར་རོ། །​སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུར་རོ། །​སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གདུག་པ་རྣམ་པ་སྣ་ཚོགས་ཀྱིས་གོས་པར་མི་འགྱུར་བའི་ཕྱིར་བར་སྣང་ལྟ་བུར་ཡང་འགྱུར་རོ། །​སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་དང་། སྟོབས་དང་། ཡེ་ཤེས་དང་ལྡན་པའི་ཕྱིར་ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་བའི་ཉི་མ་ལྟ་བུར་ཡང་འགྱུར་རོ། །​ལེགས་པར་སྨྲས་པ་ཡང་དག་པར་བླང་བའི་ཕྱིར་གཞན་གྱི་དྲིང་མི་འཇོག་པར་ཡང་འགྱུར་རོ། །​ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་ཕྱིར་རྒྱ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1548#UT22084-064-002-1548