Degé Kangyur volume 64, F.170.a

ཁྱོད་ལ་མགོ་བོས་གཏུག །​རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་དཔུང་བསྐྱེད་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་གཅིག་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམིགས་པ་ལ་མངོན་པར་བརྐམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྟོབས་འབྲི་བར་བྱ་བ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་ལུས་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྩེ་བ་ལ་མངོན་པར་ཆགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པ་དང་རིམ་གྲོའི་བྱ་བ་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐང་ལ་མངོན་པར་དགའ་བའི་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱོར་བའི་མཚམས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དགའ་བའི་དུས་ཚོད་ཀྱི་སྦྱོར་བ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་མངོན་པའི་གནས་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷ་མོ་སྣ་མའི་མེ་ཏོག་ལ་མངོན་པར་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​དཔའ་ཆེན་ཡེ་ཤེས་རྩོམ་པ་པོ། །​ཡང་དག་རྩོམ་ལ་རབ་སྦྱོར་བ། །​སེམས་ཅན་རྣམས་ལ་ཕན་བཞེད་པ། །​ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །​ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་གཉིས་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་བསྒྲུབ་པའི་མཛོད་ཅེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པའི་ནན་ཏན་གྱི་སྦྱོར་བ་ལ་མཁས་པའི་རིན་པོ་ཆེ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དམ་པའི་ཆོས་ལ་ཤིན་ཏུ་གུས་པར་བསྒྲིམས་པའི་སེམས་ལ་གནས་པར་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེན་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡང་དག་པར་ཟབ་ཅིང་བརྟན་པ་ལ་རྩེ་བ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1578#UT22084-064-002-1578