Degé Kangyur volume 64, F.168.b

ཤེས་ཡོན་ཏན་འབྱུང་གནས་མཛེས། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །​གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བདུན་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་བཟང་པོ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལྷག་པའི་བསམ་པའི་ཆོ་ག་ཤེས་པའི་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་དུས་ཚོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། འགྲོ་བའི་དུས་ཚོད་ཀྱི་ཆོ་འཕྲུལ་གྱི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ་མཁའ་དང་མཉམ་པར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མི་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་རྒྱུ་བ་བསགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྙེན་པར་འོས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པར་དགའ་བ་ལ་མངོན་པར་མོས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེམས་དགེ་ཞིང་ལྷག་པའི་བསམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་ཤེས་པས་རྒྱས་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​བཅོམ་ལྡན་སངས་རྒྱས་བལྟར་མི་གདའ། །​ནམ་མཁའ་མཚུངས་ཤིང་འདྲ་བ་ལགས། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​སྣང་བ་སྣ་ཚོགས་སྟོན་པ་མཛད། །​ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བརྒྱད་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། དམག་ཆེན་པོ་དཔའ་བའི་རྒྱལ་པོའི་སྟོབས་བཀོད་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔའ་བོ་རྣམ་པར་རྒྱལ་བའི་ཞིང་གི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བར་འགྲོ་བ་ཕུན་སུམ་ཚོགས་པའི་རྗེས་ལས་སྐྱེས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དཔའ་བོ་རྣམ་པར་རྩེ་བའི་དམིགས་པ་ལ་མཁས་པའི་རྒྱལ་པོ་ཞེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1575#UT22084-064-002-1575