Degé Kangyur volume 64, F.44.a

རྩི་ཆེན་པོ་དང་། སྡོང་པོ་ཐམས་ཅད་རྣམ་པར་བསྐྱེད་པ་དང་། ཐམས་ཅད་དུ་སྐྱིད་པར་ཆོས་ཀྱི་དབང་བསྐུར་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་དང་། དགའ་བར་བྱེད་པ་དང་། རྒུད་པ་རབ་ཏུ་ཞི་བར་བྱེད་པའི་ཆོས་ཀྱི་ཆར་ཆེན་པོ་མངོན་པར་འབེབས་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཆར་སྤྲིན་ཆེན་པོ་ཀུན་ནས་སྐྱེད་པ་ཡིན་ནོ། །​རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རླུང་མར་དྲི་ཞིམ་པོའི་ཆར་གྱི་རྒྱུན་གྱི་སྙིང་པོ་ཅན་ལྡང་ན། སེམས་ཅན་རྣམས་ཀྱི་གདུང་བ་ཡོངས་སུ་ཞི་བར་བྱས་ཤིང་། ལུས་ཤིན་ཏུ་སིམ་པ་དང་། བསིལ་བར་བྱེད་དོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རླུང་མར་ཡང་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ངན་འགྲོ་དང་། ངན་པར་ལྟ་བ་དང་། ཉེས་བྱས་དང་། ཐེ་ཙོམ་དང་། ཕོངས་པ་མི་བཟད་པ་དང་། ཡུལ་ལ་སྲེད་པ་དང་། སྡུག་པ་དང་། མི་སྡུག་པ་དང་བྲལ་ཞིང་ཕྲད་པ་དང་། ནད་རྣམས་བཅིལ་ནས་དམ་པ་མ་ཡིན་པའི་ཆོས་ལ་སྲེད་པ་ལ་སོགས་པའི་གདུང་བ་དག་དམ་པའི་ཆོས་ཀྱི་ཆར་དང་འདྲེས་པའི་བླ་ན་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་། སྨོན་ལམ་དང་། མཐོང་བ་དང་། རེག་པ་དང་། འགྲོགས་པ་དང་། བསྟན་པ་དོན་ཡོད་པ་ལ་སོགས་པས་རབ་ཏུ་ཞི་བར་བྱེད་དེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་ཅིང་ཉོན་མོངས་པ་མེད་པའི་ས་ལ་འགོད་པ་ཡིན་ནོ། །​རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཆོས་དཀར་པོ་ལས་འཐུན་པར་བྱུང་བའི་དབུགས་འབྱུང་བ་དང་། རྔུབ་པའི་སྲོག་ཉེ་བར་སྦྱོར་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དབུགས་འབྱུང་བ་དང་། རྔུབ་པའི་རླུང་གི་མཐུས་སེམས་ཅན་ཐམས་ཅད་འཚོའོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔས་མངོན་པར་བསྒྲུབས་པ་དང་། བྱང་ཆུབ་སེམས་དཔས་བསྟབས་པའི་ཆོས་དཀར་པོའི་རླུང་མར་ཉེ་བར་སྤྱད་པ་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པས་ཀྱང་སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1084#UT22084-064-001-1084