Degé Kangyur volume 64, F.55.b

དེའི་མི་དགེ་བའི་ཆོས་རྣམས་ཐམས་ཅད་དུ་ཐམས་ཅད་རབ་ཏུ་འབྲི་སྟེ། ཇི་ལྟར་བྱང་ཆུབ་ཀྱི་སྙིང་པོ་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་བ་དེ་ལྟར་རབ་ཏུ་འབྲིའོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཟླ་བ་ཤར་ན་བྲམ་ཟེ་དང་། རྒྱལ་རིགས་དང་། གྲོང་པ་དང་། ཡུལ་གྱི་མི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱིས་རབ་ཏུ་བསྔགས་པར་བྱ་བ་ཡིན་ནོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཤར་ན་ཡང་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་རབ་ཏུ་བསྔགས་པར་བྱ་བ་ཡིན་ནོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཟླ་བའི་ལུས་འདི་ལྟར་རང་གི་བསོད་ནམས་ཀྱི་ལས་རྣམ་པར་སྨིན་པས་གྲུབ་པ་ནི་ཡོངས་སུ་དག་སྟེ། རྙོག་པ་མེད་ཅིང་དང་བ་དང་། གསལ་བ་ཡིན་ནོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའི་ལུས་ཀྱང་འདི་ལྟ་སྟེ། ཆོས་ཉིད་ཀྱིས་མངོན་པར་གྲུབ་པ། རྫུས་ཏེ་སྐྱེས་པ། ཕ་མའི་བཙོག་པ་དང་། མེར་མེར་པོ་ལས་བྱུང་བ་མ་ཡིན་ཏེ། ཡོངས་སུ་དག་ལ་རྙོག་པ་མེད་ཅིང་དང་བ་དང་གསལ་བ་ཡིན་ནོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཟླ་བ་ནི་བཞོན་པ་མཆོག་ལ་ཞོན་ཏེ། གླིང་བཞིར་སྣང་བར་བྱེད་དོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་མཆོག་ལ་ཞོན་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སྣང་བར་བྱེད་དོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཟླ་བ་ནི་རྟག་ཏུ་བརྒྱན་ཅིང་རྒྱན་མ་རྙིངས་པ་ཡིན་ནོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཡང་འདི་ལྟར་ཡོན་ཏན་གྱི་རྒྱན་རྣམས་ཀྱིས་རྟག་ཏུ་བརྒྱན་པ་ཡིན་ནོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཟླ་བ་ནི་རྟག་ཏུ་རྒྱུན་མི་ཆད་པར་ལྷའི་འདོད་པའི་དགའ་བ་ལ་མོས་པ་ཡིན་ནོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཡང་རྟག་ཏུ་རྒྱུན་མི་ཆད་པར་ཆོས་ཀྱི་དགའ་བ་ལ་མོས་ཤིང་འདུན་པ་ཡིན་གྱི་འདོད་པས་དགའ་བ་ལ་དགའ་བ་མ་ཡིན་ནོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཟླ་བ་ནི་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཡང་འདི་ལྟ་སྟེ། བསོད་ནམས་ཆེན་པོ་དང་། ཡེ་ཤེས་ཆེན་པོས་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་པ་ནས་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་བར་དུ་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1107#UT22084-064-001-1107