Degé Kangyur volume 64, F.52.a

དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཆར་སྤྲིན་དཔག་ཏུ་མེད་པ་ཀུན་འཛིན་ནུས་པ་ཡིན་ནོ། །​ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་ཐ་དད་པའི་གཞལ་མེད་ཁང་ཆེན་པོའི་བཀོད་པ་རྣམ་པར་དབྱེ་བ་ཐམས་ཅད་རྣམ་པར་འབྱེད་ཅིང་ཡོངས་སུ་འགོད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རླུང་མར་ནི་གཞལ་མེད་ཁང་དགོད་པའི་རྣམ་པར་དབྱེ་བ་སྣ་ཚོགས་ཐམས་ཅད་ཀུན་ནས་གཞོག་པར་བྱེད། རྣམ་པར་འབྱེད་པར་བྱེད་དེ། ནགས་ཚལ་དང་། ཤིང་དང་། ཡལ་ག་དང་། འདབ་མ་དང་། ལྡུམ་བུ་དང་། མྱུ་གུ་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། སྡོང་པོ་ལ་སོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡན་ལག་དང་། ཉིང་ལག་རྣམ་པར་དབྱེ་བ་སྣ་ཚོགས་རྟག་ཏུ་རྒྱུན་མི་ཆད་པར་ཡོངས་སུ་གཞོག་ཅིང་རྣམ་པར་འབྱེད་དེ་གསལ་བར་བྱེད་དོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རླུང་མར་ཡང་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པའི་ཡེ་ཤེས་མ་ཐོགས་མ་ཆགས་ཤིང་མཐའ་ཡས་པས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྒོ་སྣ་ཚོགས་ནས་ཡོངས་སུ་གཞོག་པར་བྱེད། །​རྣམ་པར་འབྱེད་པར་བྱེད། སྣང་བར་བྱེད། ཡོངས་སུ་སྟོན་པར་བྱེད། ཐོབ་པར་བྱེད་ཅིང་རྣམ་པ་འདི་དག་འདི་ལྟ་སྟེ། ཆོས་འདི་དག་ནི་ངན་སོང་སྒྲུབ་པའོ། །​འདི་དག་ནི་བདེ་འགྲོ་སྒྲུབ་པའོ། །​འདི་དག་ནི་བདག་པོར་སྒྲུབ་པའོ། །​འདི་དག་ནི་སེམས་ཅན་དམྱལ་བ་སྒྲུབ་པའོ། །​འདི་དག་ནི་བྱོལ་སོང་གི་སྐྱེ་གནས་སྒྲུབ་པའོ། །​འདི་དག་ནི་གཤིན་རྗེའི་འཇིག་རྟེན་སྒྲུབ་པའོ། །​འདི་དག་ནི་མིར་སྒྲུབ་པའོ། །​འདི་དག་ནི་ལྷར་སྒྲུབ་པའོ། །​འདི་དག་ནི་འཁོར་ལོས་སྒྱུར་བར་སྒྲུབ་པའོ། །​དེ་བཞིན་དུ་མདོར་བསྡུས་ཏེ། འདི་དག་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་སྒྲུབ་པའོ། །​འདི་དག་ནི་གཟུགས་དང་། གཡོག་དང་། ཡིད་གཞུངས་པ་དང་། དཔལ་ཆེན་པོ་སྒྲུབ་པའོ། །​འདི་དག་ནི་རིག་པའོ། །​འདི་དག་ནི་སྒྱུ་རྩལ་ཏོ། །​འདི་དག་ནི་བཟོའི་གནས་སོ། །​འདི་དག་ནི་གཙུག་ལག་སྣ་ཚོགས་ལ་རྣམ་པ་ཐམས་ཅད་དུ་མཁས་པའོ། །​འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་སྟེ། ཉན་ཐོས་སུ་འགྱུར་བའོ། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1100#UT22084-064-001-1100