།དེ་ལ་ཆགས་ཤིང་སྡང་ལ་རྨོངས་པར་གྱུར། །མཚོན་ཆ་ཐོགས་ཤིང་གསད་པར་གསོལ་པ་ན། །གསོད་པ་པོ་དང་མཚོན་ཆ་ཅི་ཡང་མེད། །དེ་བཞིན་འདི་ན་བྱིས་པ་འདོད་པ་སྤྱོད། །ཐབ་མོ་དག་ཀྱང་འགྱེད་ཅིང་གསོད་པར་བྱེད། །གཏི་མུག་དབང་གིས་སྐྲག་ཅིང་རྨོངས་པར་གྱུར། །བདག་ནི་ཆགས་སོ་སྙམ་སྟེ་དགའ་བར་འཛིན། །འཇིག་རྟེན་འདི་དག་ཐམས་ཅད་རྨི་ལམ་བཞིན། །ཆོས་རྣམས་གསོག་སྟེ་སྟོང་ཞིང་སྙིང་པོ་མེད། །སྨིག་རྒྱུ་འདྲ་ཞིང་སྤྲིན་དང་མཚུངས་པ་སྟེ། །འདོད་ཆགས་མཚན་ཉིད་མེད་ཅིང་གཏི་མུག་ཞི། །ཆོས་རྣམས་འདི་དག་རྩྭ་དང་རྩིག་པ་བཞིན། །སེམས་ནི་ནང་ན་མེད་ཅིང་ཕྱི་རོལ་མེད། །འདོད་ཆགས་སྲོག་དང་སེམས་ཅན་གསོ་བ་མིན། །ཞེ་སྡང་གང་ཟག་མ་ཡིན་དངོས་པོ་མེད། །ཆོས་རྣམས་འདི་དག་རྐྱེན་དང་རྒྱུ་ལས་གྲུབ། །སྒྱུ་དེ་ལ་ནི་རྨོངས་ཤིང་བྱེད་པ་མེད། །ཆུ་ཟླ་འདྲ་བར་བྱས་པ་མ་ཡིན་ཏེ། །ལུས་ཀྱང་མེད་དེ་འདོད་ཆགས་གསོག་ཡིན་ནོ། །སྒྱུ་མས་བསྒྲུབས་པ་ཡིན་ཏེ་སྟོང་པ་ཉིད། །བྱིས་པ་དངོས་པོར་འཛིན་པས་དཔྱད་ཅིང་བརྟགས། །སྒྱུ་མ་གསོག་སྟེ་མེད་ཅིང་སྟོང་པ་ཡིན། །འདི་ན་འདོད་ཆགས་ཞེ་སྡང་གཏི་མུག་མེད། །ཆོས་འདི་ཐམས་ཅད་མཚན་ཉིད་མེད་པ་སྟེ། །རྩ་བ་མི་དམིགས་གཟོད་ནས་རབ་ཏུ་ཞི། །མཐའ་མ་གཟུང་མེད་དབེན་ཞིང་སྙིང་པོ་མེད། །འདོད་ཆགས་འོད་གསལ་གཏི་མུག་རབ་ཏུ་ཞི། །འདི་ན་བྱིས་པ་གཟུགས་བརྙན་མཐོང་བ་ན། །འདི་ནི་བདག་ཡིན་སྙམ་དུ་སེམས་པར་བྱེད། །གསོག་དང་གཟུང་དུ་མེད་ལ་ཡོད་མིན་དང་། །སྙིང་པོ་མེད་པ་དེ་ལ་ལོག་པར་རྟོག །ཆོས་རྣམས་འདི་དག་མིག་ཡོར་འདྲ་བ་སྟེ། །འདོད་ཆགས་གཏི་མུག་ཞེ་སྡང་གཟུང་དུ་མེད། །སྒྱུ་མ་རྨི་ལམ་ཆུ་ཟླ་ལྟ་བུ་སྟེ། །འདི་ལ་སུ་ཡང་ཆགས་ཤིང་སྡང་བ་མེད། །ཡུལ་འདི་དག་ནི་དུག་མེད་སྟོང་པ་སྟེ། །དངོས་པོར་དམིགས་པ་ཐམས་ཅད་གཟུང་དུ་མེད། །འདི་དག་བརྟགས་པའི་ཆོས་ཅན་ཡོད་མ་ཡིན། །དངོས་པོ་མི་དམིགས་རྩ་ནས་རབ་ཏུ་ཞི། །སྒྱུ་མ་འདོད་ཆགས་ཞེ་སྡང་གཏི་མུག་མེད། །འདི་ལ་ནམས་ཀྱང་ཡོད་པར་འགྱུར་མ་ཡིན། །ཆོས་རྣམས་སྒྱུ་མ་འདྲ་ཞིང་རྨི་ལམ་འདྲ། །ཐོག་མ་མི་དམིགས་ཐམས་ཅད་ཡོད་མ་ཡིན། །ཇི་ལྟར་ཆུ་ལ་ཟླ་བ་སྣང་བཞིན་དུ། །དེར་ནི་ནམས་ཀྱང་ཞུགས་པར་གྱུར་པ་མེད། །དེ་བཞིན་བྱིས་པ་སྡང་ཞིང་ཆགས་གྱུར་ཀྱང་། །འདི་ན་འདོད་ཆགས་མེད་ཅིང་ཞེ་སྡང་མེད།