Degé Kangyur volume 62, F.43.a

ཅད་ཀྱི་རྡུལ་སྙེད་ཀྱི་ཞིང་ཐམས་ཅད་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །​དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །​དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །​དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །​འཇམ་དཔལ་འདི་ལྟ་སྟེ་དཔེར་ན། བྲག་ཕུག་གི་ནང་ནས་བྲག་ཆ་སེམས་ཅན་གྱི་སྒྲ་རྣམ་པ་མང་པོ་འཇུག་པས་སྒྲ་སྐད་གཞན་དང་གཞན་དག་མཐའ་ཡས་པ་འབྱུང་སྟེ་བྲག་ཆ་ནི་མི་རྟོག །​རྣམ་པར་མི་རྟོག་མོད་ཀྱི་འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་དག་འབྱུང་ངོ་། །​འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡང་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དེ་དག་གིས་དེ་ལྟ་བུའི་སྐད་དུ་སྟོན་པ་འབྱུང་བར་ཤེས་ཏེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་འདི་ལྟ་བུ་འདི་དག་འབྱུང་ངོ་། །​འཇམ་དཔལ་དེ་བཞིན་གཤེགས་པའི་མཁྱེན་པ་ཐོགས་པ་མེད་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །​འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཁྱུ་མཆོག་ཏུ་གྱུར་པ་ནི་དེ་བཞིན་གཤེགས་པའི་གཙུག་ཏོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-793#UT22084-062-001-793