Degé Kangyur volume 62, F.28.b

ནི་ཏིང་ངེ་འཛིན་ལ་གནས་ཀྱིས། གཞན་དག་ཀྱང་ཏིང་ངེ་འཛིན་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཏིང་ངེ་འཛིན་ནི་སེམས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་པའོ། །​བདག་ནི་སོ་སོ་ཡང་དག་པར་རྟོག་པ་ལ་གནས་ཀྱིས། གཞན་དག་ཀྱང་སོ་སོ་ཡང་དག་པར་རྟོག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སོ་སོ་ཡང་དག་པར་རྟོག་པ་ནི་ལས་དང་བྱ་བ་ལ་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་དབུ་མའི་ལམ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་དབུ་མའི་ལམ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དབུ་མའི་ལམ་ནི་མཐའ་རྣམ་པར་དག་པ་ཤེས་པ་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། མཐའི་རང་བཞིན་ལས་དབུ་མའི་ལམ་གཞན་མ་ཡིན་པའི་ཕྱིར་ཏེ། མཐའི་རང་བཞིན་ལས་དབུ་མའི་ལམ་གཞན་མེད་པས་མཐའི་རང་བཞིན་ཉིད་དབུ་མའི་ལམ་མོ། །​བདག་ནི་ཆོས་ཐམས་ཅད་རྟག་པའོ་ཞེས་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་རྟག་པའོ་ཞེས་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་རྟག་པ་ནི་མཐའ་དང་དབུང་མེད་པའི་ཕྱིར་རོ། །​ཆོས་ཐམས་ཅད་མཐའ་དང་དབུང་མེད་པ་ནི་འདུས་བྱས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། འདུས་བྱས་ཀྱི་རང་བཞིན་ལས་མཐའ་དང་དབུང་མེད་པ་གཞན་མེད་པས་འདུས་བྱས་ཀྱི་རང་བཞིན་ཉིད་མཐའ་དང་དབུང་མེད་པའོ། །​མཐའ་དང་དབུང་མེད་པ་གང་ཡིན་པ་དེ་ནི་རྟག་པ་བརྟན་པ་ཐེར་ཟུག་པའོ། །​བདག་ནི་སངས་རྒྱས་ལ་མཆོད་པ་བྱེ་བྲག་ཏུ་མངོན་པར་འཕགས་པ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་ལ་མཆོད་པ་བྱེ་བྲག་ཏུ་མངོན་པར་འཕགས་པ་ལ་དགོད་དོ་ཞེས་དབུགས་འབྱིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-764#UT22084-062-001-764