Degé Kangyur volume 61, F.78.a

རིན་ཆེན་སྙིང་པོ་དང་། རིན་ཆེན་གཙུག་ཕུད་དང་། རིན་ཆེན་སེང་གེ་དང་། རིན་ཆེན་དྲ་བ་ཅན་དང་། དྲ་བ་ཅན་གྱི་འོད་དང་། ཉི་འོད་དང་། ཟླ་འོད་དང་། མཐུ་བརྟན་དང་། བློ་གྲོས་བརྟན་དང་། བརྩོན་འགྲུས་བརྟན་དང་། མཐུ་རྩལ་བརྟན་དང་། སྤྲོ་བ་བརྟན་དང་། སྤྲོ་བ་ཆེ་བ་དང་། མཆོག་ཏུ་དགའ་བའི་རྒྱལ་པོ་དང་། སྨན་གྱི་རྒྱལ་པོ་དང་། སྨན་ཡང་དག་འཕགས་དང་། དགེ་བ་དྲི་མ་མེད་པ་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་དང་། པད་མའི་འདབ་མ་ལྟར་དྲི་མ་མེད་པ་རྒྱུ་སྐར་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཤིན་ཏུ་རྒྱས་པ་དང་། བུང་བ་དང་། སྣག་ས་དང་། རྨ་བྱ་དང་། འཇོན་མོ་དང་། མུགས་གསལ་རལ་པའི་ཐོར་ཚུགས་ཅན་དང་། པད་མ་དང་། ཟླ་བ་ལྟར་བཞིན་འཛུམ་ཞིང་བརྗིད་ལ་མདངས་གསལ་བ་དང་། རིན་པོ་ཆེ་མཐོན་ཀ་ལྟར་མིག་ཤིན་ཏུ་མཛེས་པ་ཡོན་ཏན་རིན་པོ་ཆེའི་ཏོག་དང་། སོ་མཉམ་ཞིང་ཐགས་བཟང་ལ་དཀར་བ་དངུལ་དང་། དུང་དང་། ཟླ་བ་དང་། ཀུ་མུ་ད་དང་། འོ་མ་ལྟར་དཀར་བ་དང་། ལྕེ་ཆུ་ཤིང་གི་ལོ་མ་དང་། ཏ་ལའི་འདབ་མ་ལྟར་ཡངས་ཤིང་ཟངས་ཀྱི་གླེགས་མ་ལྟ་བུ་དང་། ཁུ་བྱུག་དང་། ནེ་ཙོ་དང་། རི་སྐེགས་དང་། ཀུ་ན་ལ་དང་། ཀ་ལ་པིང་ཀ་སྐད་འབྱིན་པ་ལྟ་བུར་ཡིད་དུ་འོང་བའི་ང་རོའི་གདངས་ངེས་པར་སྒྲོགས་པ་དང་། ལུས་ཟླ་བ་དང་། ཉི་མ་འཆར་ཀ་དང་། དོང་ཀའི་ཤིང་དང་། ས་ཧ་ཀ་ར་དང་། མེ་ཏོག་འབྱུང་བའི་ཀ་དམ་པ་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྐ་ལག་ཕྲ་ཞིང་མཉེན་ལ་གཞོན་ཤ་ཆགས་ཤིང་སྲབ་ལ་འཇམ་ཞིང་། མེ་ཏོག་ལྟར་ཤིན་ཏུ་གཞོན་ལ་རྐ་ལག་གི་སེན་མོ་ཟངས་ཀྱི་མདོག་འདྲ་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་དགུ་ཁྲི་དགུ་སྟོང་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ། བདུད་དང་། ཕྱིར་རྒོལ་བ་ངེས་པར་བཅོམ་པ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཤེས་པ་ལ་མཁས་པ། མངོན་པར་ཤེས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐའི་སྒོ་བསྒྲུབ་པའི་གཟུངས་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ། འཇིག་རྟེན་གྱི་ཁམས་ཐ་དད་པ་སྟོན་པ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh182.html?part=UT22084-061-002-326#UT22084-061-002-326