Degé Kangyur volume 61, F.91.b

པད་མའི་རྐང་པ་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་གྱིས་སྤྲས་ལ། མཉམ་ཞིང་འཇམ་པ་དང་། སོར་མོ་རིང་ཞིང་ངང་པའི་རྐང་པ་ལྟར་དྲ་བས་འབྲེལ་པ་དང་། སེན་མོ་མེ་ལོང་བཟང་པོ་དག་པར་ཕྱིས་པ་ལྟ་བུས་བརྒྱན་ཏེ། མེ་ཏོག་ཀུན་ད་ལྟར་འདུག་པ་དང་། ལོང་བུ་མི་མངོན་པ་དང་། རྗེ་ངར་སྨྱིག་མ་དང་རི་དགས་ཨེ་ན་ཡའི་བྱིན་པ་འདྲ་བའི་ཡ་མཚན་གྱི་སྟབས་ཀྱིས་དལ་བུས་དལ་ནས་བྱང་ཆུབ་ཀྱི་སྙིང་པོའི་གདན་རྡོ་རྗེའི་སྟེགས་བུའི་གདན། ཆོས་ཀྱི་སེང་གེའི་ཁྲི་ལ་བདུད་རྣམ་པར་གཞོམ་པའི་ཕྱིར་ཤིན་ཏུ་གནོན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། རྐང་པ་བྱིན་པ་འདི་ཡིས་ན། །​རྐང་ཐིལ་འཁོར་ལོའི་མཚན་ཅན་གྱིས། །​བྱང་ཆུབ་སྙིང་པོའི་གདན་བཟངས་ལ། །​བརྟན་པོས་ཤིན་ཏུ་གནོན་པར་ཤོག །​རྐང་པ་སྦྱིན་པ་འདིས་ན་བདག །​བྱང་ཆུབ་སྙིང་པོའི་གདན་མཆོག་ལ། །​འདུག་ནས་བདུད་རྣམས་སྡེ་དང་དཔུང་། །​བཞོན་དང་བཅས་པར་འདུལ་བར་ཤོག །​དེ་ལ་ལག་མཐིལ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ལག་མཐིལ་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ལག་པ་སྦྱིན་པའི་ཚིག་བླ་དགས་ཡིན་གྱིས། བདག་གིས་ལག་མཐིལ་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །​དེ་ལ་ལག་མཐིལ་གྱི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པའི་སྨོན་ལམ་བཞིན་དུ་ལག་མཐིལ་སྦྱིན་པ་འདིས་ན། བདག་སེམས་ཅན་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། མགོན་མེད་པ་དང་། སྡུག་བསྔལ་བ་དང་། དབུལ་པོ་དང་། གནས་མེད་པ་དང་། སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་རྣམས་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང་། མི་ཁོམ་པར་སྐྱེས་པ་རྣམས་ལ་ཆོས་ཀྱི་ལག་པ་སྦྱིན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །​དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། ལག་མཐིལ་སྦྱིན་པས་མྱུར་དུ་བདག །​རྣམ་འདྲེན་ལག་ན་རིན་ཆེན་དང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh182.html?part=UT22084-061-002-353#UT22084-061-002-353