Degé Kangyur volume 60, F.247.a

སེམས་དཔའ་ཆེན་པོ་རྣམས་ལ་རྣམ་པར་རྟོག་པ་སྐྱེས་པའམ། སྐྱེ་བའམ། སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །​ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་དེ་ཅི་ཞིག་སྤང་བའི་ཕྱིར་ཆོས་སྟོན། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ན་རང་བཞིན་གྱིས་མི་སྐྱེ་མི་ཟད་པའི་ཕྱིར་དེ་བཞིན་གཤེགས་པ་དེ་ཆོས་སྟོན་ཏོ། །​དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དོན་དམ་པའི་བདེན་པ་ལ་ལྷུར་བྱེད་པ་ཡིན་གྱི་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་ལྷུར་བྱེད་པ་མ་ཡིན་ནོ། །​ལྷའི་བུས་སྨྲས་པ། འཇམ་དཔལ་དོན་དམ་པའི་བདེན་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་། ངག་དང་། ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །​འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི། ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །​ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་ཡང་དག་པར་འདས་པ་ཡིན་ཏེ། ལྷའི་བུ་དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་འཇུག་པའང་མེད། ལྡོག་པའང་མེད་དོ། །​དོན་དམ་པར་ན་དེ་ལ་ཕ་རོལ་ཡང་མེད། ཚུ་རོལ་ཡང་མེད། དབུས་ཀྱང་མེད་དེ། ལྷའི་བུ་འདི་ནི་དོན་དམ་པའི་བདེན་པ་ཞེས་སྒྲོ་བཏགས་ཏེ་བརྗོད་མོད་ཀྱི། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བྱ་བ་ལྟར་ནི་མ་ཡིན་ནོ། །​ལྷའི་བུ་དོན་ནི་དོན་དམ་པར་མི་སྐྱེ་བ་སྟེ། དེ་ལ་ཐ་སྙད་ཐམས་ཅད་མི་འཇུག་གོ། །​དོན་དམ་པར་གང་ལ་ཐ་སྙད་ཐམས་ཅད་མི་འཇུག་པ་དེ་ནི་ལྷའི་བུ་དོན་དམ་པའི་བདེན་པ་སྟེ། ཇི་ལྟར་དོན་དམ་པའི་བདེན་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh179.html?part=UT22084-060-008-248#UT22084-060-008-248