Degé Kangyur volume 60, F.257.a

ལྷའི་བུ་མཚམས་མེད་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཚུལ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཚམས་མེད་པ་ནི་འདི་ལྟ་སྟེ། ལྷའི་བུ་མཚམས་མེད་པ་ལྔ་པོ་དེ་དག་གང་ཞེ་ན། ལྷའི་བུ་འདི་ལ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་སྐྱེ་བའི་ཚུལ་གྱིས་སེམས་བསྐྱེད་ནས་བར་མ་དོར་ཉན་ཐོས་དང་། རང་སངས་རྒྱས་དང་། དམིགས་པ་ཅན་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་སར་སེམས་མི་སྐྱེད་པ་འདི་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་དང་པོའོ། །​ལྷའི་བུ་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདོག་པ་ཐམས་ཅད་གཏོང་བ་ལ་མི་སྐྱེ་བའི་ཚུལ་གྱིས་སེམས་བསྐྱེད་ནས། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེར་སྣ་དང་ལྷན་ཅིག་མི་གནས་པ་འདི་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་གཉིས་པའོ། །​ལྷའི་བུ་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བདག་གིས་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐྱབ་བོ་སྙམ་དུ་སེམས་མི་སྐྱེད་པའི་ཚུལ་གྱིས་དེ་ལྟར་སེམས་བསྐྱེད་ནས་བར་མ་དོར་མི་ནུར་བ་དེ་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་གསུམ་པའོ། །​ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་པར་ན་ཆོས་ཐམས་ཅད་རབ་ཏུ་མ་སྐྱེས་པ། མ་བྱུང་བ། དངོས་པོ་མེད་པའོ་ཞེས་བཟོད་པ་མ་ཐོབ་པའི་ཚུལ་གྱིས་བཟོད་པ་ཐོབ་ནས་བར་དུ་རྫས་དང་། ངོ་བོ་དང་། དངོས་པོར་འཛིན་པ་ལེན་པས་མ་ཟིན་པ་འདི་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་བཞི་པའོ། །​ལྷའི་བུ་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱའོ། །​ཞེས་དེ་ལྟར་མ་སྐྱེས་པའི་ཚུལ་གྱིས་སེམས་བསྐྱེད་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་འཐོབ་པའི་ཚུལ་གྱིས་མ་ཐོབ་ཀྱི་བར་དུ་མི་འདུག །​ཀུན་ཏུ་མི་འདུག་པ་དེ་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་ལྔ་པའོ། །​དེ་ལྟར་མི་གནས་པའི་ཚུལ་གྱིས་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དམ་པར་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཚུལ་གྱིས་མངོན་པར་རྫོགས་པར་འཚང་རྒྱའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh179.html?part=UT22084-060-008-268#UT22084-060-008-268