Degé Kangyur volume 60, F.249.b

སེམས་དཔའ་སེམས་དཔའ་ཆེན་པོ་དག་བདེན་པ་རྣམས་ལ་མི་སྒོམ་པའི་ཚུལ་གྱིས་སྒོམ་མོ། །​ཀུན་རྫོབ་ཏུ་འཁོར་བ་དང་། མྱ་ངན་ལས་འདས་པའི་བདེན་པ་ཡང་མི་འདོར་ལ། ཀུན་རྫོབ་ཏུ་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་བརྟག་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བདེན་པ་རྣམས་ལ་མི་སྒོམ་པའི་ཚུལ་གྱིས་ཀྱང་སྒོམ་མོ། །​ལྷའི་བུ་འདི་ལྟ་སྟེ། དཔེར་ན་འདྲོན་པ་མང་པོ་བཅིངས་ནས་སྐྱེས་བུ་གཅིག་བྲོས་ཏེ། འདྲོན་པ་མང་པོའི་ནང་ནས་བྱུང་ནས། འབྲོག་དགོན་པར་ཞུགས་པ་དང་། དེ་ཡིད་འཇིགས་ཤིང་སྐྲག་ནས་ཕྱིར་མི་ལྡོག་པར་འབྲོག་དགོན་པ་ལས་འདས་སོ། །​ལྷའི་བུ་དེ་བཞིན་དུ་ཉན་ཐོས་རྣམས་འཁོར་བས་འཇིགས་ཤིང་སྐྲག་ནས་འཁོར་བ་ལས་བྲོས་ཏེ། འཇིག་རྟེན་འདིར་ཕྱིར་མི་འོང་ཞིང་གཅིག་པུ་གཉིས་སུ་མེད་པར་བདེན་པ་སྒོམ་སྟེ། ཐབས་ཀྱི་རིགས་པ་དང་བྲལ་བས་སེམས་ཅན་ཐམས་ཅད་ལ་མི་ལྟ་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་མི་ལྟ་བའོ། །​ལྷའི་བུ་འདི་ལྟ་སྟེ། དཔེར་ན་དེད་དཔོན་གཡོག་མང་པོ་ལམ་རྒྱགས་ཐམས་ཅད་འབྱོར་པ། ཟོང་ཆེན་པོ་བསྡུ་བའི་ཕྱིར་འགྲོའོ་སྙམ་ནས་སྐྱེ་བོ་མང་པོ་བསྡུས་ཏེ། དེ་འཇིགས་ཤིང་སྐྲག་པ་མེད་པར་འབྲོག་དགོན་པ་དེ་ལས་འདའོ། །​ལྷའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཀུན་རྫོབ་ཏུ་དེད་དཔོན་ཆེན་པོ་ལྟར་འཇིག་རྟེན་གྱི་སྤྱོད་པས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ། གཡོག་མང་པོ་སྙིང་རྗེ་ཆེན་པོའི་སྦྱོར་བ་ཅན། དགེ་བའི་རྩ་བ་ཐམས་ཅད་ཀྱི་ལམ་རྒྱགས་འབྱོར་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོས་ཡོངས་སུ་བཟུང་ཞིང་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཡང་དག་པར་བསྡུ་བའི་ཁེ་ཆེན་པོ་དང་ལྡན་པ་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་གྱུར་ཅིང་ཐབས་ལ་མཁས་པས་བདེན་པ་རྣམས་ལ་སྒོམ་མོ། །​ལྷའི་བུ་འདི་ལྟ་སྟེ། དཔེར་ན་ཤ་ནའི་རས་ལ་མེ་ཏོག་ཙམ་པ་ཀ་དང་མེ་ཏོག་འབར་ཤི་ཀས་བསྒོས་ན་དེའི་དྲི་མྱུར་དུ་ཡལ་བར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh179.html?part=UT22084-060-008-253#UT22084-060-008-253