Degé Kangyur volume 60, F.74.a

རྒྱལ་པོས་སེམས་ཅན་རྣམས་ལ་ཆོས་འདི་དག་རྒྱས་པར་གསུངས་སོ། །​འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་ཅིང་སེམས་ཅན་ཐམས་ཅད་ཤིན་ཏུ་དགའ་བར་བྱེད་པ་ཞེས་བྱ་བ་སྟོན་ཏོ། །​འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་ཆོས་སྟོན་པའི་ཚེ། ཉིན་ཞག་གཅིག་ལའང་སེམས་ཅན་ཚད་མེད་པ་ཁྲི་ཕྲག་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །​འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོས་དེ་ལྟར་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །​སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤིན་ཏུ་མང་ངོ་། །​འཇིག་རྟེན་འཛིན་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པ་ཕྱེད་ཀྱི་བར་དུ་གནས་པར་གྱུར་ཏོ། །​བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་འོག་མའི་ཕྱོགས་སངས་རྒྱས་ཀྱི་ཞིང་བཅུ་འདས་པའི་ཕ་རོལ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་བློ་གྲོས་ཞེས་བྱ་བ་ཞིག་དེ་ནས་ཚེ་འཕོས་ཏེ་ཞིང་འདིར་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བར་འགྱུར་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སྦྱོར་བའི་མདོ་ཐོས་པར་གྱུར་ཏོ། །​བྱང་ཆུབ་སེམས་དཔའ་ཚད་མེད་བློ་གྲོས་ཀྱིས་མདོ་སྡེ་འདི་ཐོས་ནས་བརྩོན་འགྲུས་ཆེན་པོ་བསྐྱེད་དེ། ཆོས་འདི་དག་གི་མཐར་ཡང་ཕྱིན་ཅིང་། སྦྱོར་བའི་མཐུ་ཤིན་ཏུ་ཟབ་མོ་དང་ལྡན་པར་གྱུར་ཏོ། །​བྱང་ཆུབ་སེམས་དཔའ་དེ་དགེ་བའི་རྩ་བ་དེ་ཉིད་ཀྱི་རྒྱུ་དང་རྐྱེན་གྱིས་དེ་ནས་ཚེ་འཕོས་ནས། སངས་རྒྱས་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ་ཆོས་འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh174.html?part=UT22084-060-003-596#UT22084-060-003-596