Degé Kangyur volume 59, F.313.b

ཀུན་དགའ་བོ་འདི་ལས་དེའི་རྣམ་པར་སྨིན་པས་དེ་ལྟར་དབུལ་བར་གྱུར་ཏོ། །​ཀུན་དགའ་བོ་འདི་ནི་འདིའི་དབུལ་བའི་ཐ་མ་ཡིན་ཏེ། ཀུན་དགའ་བོ་བུད་མེད་འདི་ནི་འདི་ནས་ཤི་འཕོས་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བུད་མེད་ཀྱི་དབང་པོ་ལ་འདོད་ཆགས་དང་བྲལ་ནས་སྐྱེས་པའི་དབང་པོ་ཐོབ་པར་གྱུར་ཏེ། དེར་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ལ་མཆོད་པ་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་འཛུད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་འགོད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་བཀོད་ནས་ད་སྟེ་བསྐལ་པ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བྱེད་ཅེས་བྱ་བར་འགྱུར་ཏེ། ཀུན་དགའ་བོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་པ་དང་ཀུན་སྤྱོད་པ། དེ་ཡང་དེ་དང་འདྲ་བར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །​ང་ཡི་མདུན་ན་ཐལ་སྦྱར་གང་འདུག་པ། །​རྒན་མོ་འདི་ལ་ཀུན་དགའ་ཁྱོད་ལྟོས་ཤིག །​འདི་ནི་མི་ཡི་དམ་པ་སངས་རྒྱས་འགྱུར། །​བྱང་ཆུབ་ཡན་ལག་མེ་ཏོག་བྱེད་ཅེས་བྱ། །​འདི་ནི་བུད་མེད་དངོས་པོ་འདི་སྤངས་ནས། །​བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །​རྒྱལ་བ་ཚེ་དཔག་མེད་དེ་བསྙེན་བཀུར་ནས། །​ཁམས་གསུམ་རྒྱལ་བ་མཚུངས་མེད་སངས་རྒྱས་འགྱུར། །​འཇིག་རྟེན་ཁམས་གཞན་དག་ན་གང་བཞུགས་པ། །​དྲང་སྲོང་ཆེན་པོ་འཇིག་རྟེན་དོན་མཛད་པ། །​རྣམ་འདྲེན་དེ་དག་ལ་ཡང་བསྙེན་བཀུར་ནས། །​འདི་ནི་མཚུངས་མེད་མི་མཆོག་སངས་རྒྱས་འགྱུར། །​དེ་དག་ཀུན་ལས་ཆོས་ཀྱང་ཐོས་གྱུར་ནས། །​བསམ་པ་དག་པས་དེ་བཞིན་འགྲུབ་པར་འགྱུར།The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh171.html?part=UT22084-059-014-95#UT22084-059-014-95