Degé Kangyur volume 59, F.66.a

སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པར་རབ་ཏུ་ཤེས་པ་སྟེ། དེ་ལྟར་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱའོ། །​དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ཅིང་ཡང་དག་པར་ངེས་པའི་སེམས་ཅན་རྣམས་ལ་ལྷག་པར་གུས་པ་མི་སྐྱེད་པའི་ཚིག་བླ་དགས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ངེས་པ་དང་མ་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་ཀྱི། གཞན་དུ་ན་ལོག་པར་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །​དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །​དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཅེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་བདག་ཀྱང་སྤོབས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་ཁྱོད་སྤོབས་པར་གྱིས་ཤིག །​བྱང་ཆུབ་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སྐྱེས་པའམ། བུད་མེད་ཇི་ལྟ་བུར་བསྟན་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་མ་རལ་མ་ཞིག་པར་ཉེ་བར་གནས་ན་དེ་ཡན་ལག་བརྒྱད་ཀྱི་གསོ་སྦྱིན་ཡང་དག་པར་བླངས་པ་ཞེས་བགྱི་བའི་གྲངས་སུ་མཆིའོ། །​བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །​བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་གསོལ་པ།

PreviousNext


The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1383#UT22084-059-003-1383