Degé Kangyur volume 59, F.49.a

ལས་ཇི་ལྟ་བ་བཞིན་དུ་དེའི་ཁྱུ་མཆོག་ཀྱང་དེ་བཞིན་ཉིད་ལས་མི་འདའོ། །​དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གླང་པོ་ཆེ་འདི་དག་གི་ལྡེམ་པོ་དག་ལ་གང་འཇུག་པར་འགྱུར་བ་དེ་དག་ནི་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་དག་གི་མིང་ཙམ་ཐོས་པ་ཡང་ལེགས་པར་ཐོས་པ་ལགས་ན། ཆོས་བསྟན་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཤིང་ལྗོན་པ་ས་ཆེན་པོ་ལ་མ་བརྟེན་པར་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྟོན་པ་ལྟར་བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་དག་གི་སྤྱོད་པའི་མཚན་ཉིད་ཀྱང་དེ་བཞིན་དུ་བལྟའོ། །​འདི་ལྟར་ཆོས་ཐམས་ཅད་ལ་མི་གནས་ཤིང་། སྤྱོད་པ་དང་། སྐྱེ་བ་དང་། འབྱུང་བ་དང་། འཕོ་བ་དང་། འཆི་བ་ཡང་སྟོན་ལ་སངས་རྒྱས་ཀྱི་ཞིང་དག་ན་ཡང་གདའ་བ་དེ་དག་ལ་ལྷག་པར་ཤེས་རབ་ཀྱི་སྤོབས་པ་འདི་ལྟ་བུ་ཡང་སྤོབས་པར་འགྱུར་རོ། །​བཅོམ་ལྡན་འདས་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུ་མཐོང་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད།​། །​།བམ་པོ་གསུམ་པ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་ཅེས་བྱ་བ་འཁོར་དེར་འདུས་ཤིང་འདུག་པར་གྱུར་ཏེ། དེས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​གནས་བརྟན་ནི་དེ་བཞིན་གཤེགས་པས་ཤེས་རབ་ཅན་གྱི་མཆོག་ཏུ་གསུངས་ན། འདི་ལྟར་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུས་རྣམ་པར་འཕྲུལ་མི་ནུས་པ་ཅི་གནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཁོང་དུ་མ་ཆུད་དམ། གནས་བརྟན་གྱིས་སྨྲས་པ། ཀུན་ཏུ་མེ་ཏོག་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་ཡུལ་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །​སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ཡུལ་དུ་བགྲང་ངམ། སྨྲས་པ་དེ་ནི་མ་ཡིན་ནོ། །​སྨྲས་པ། འོ་ན་ཇི་ལྟར་གནས་བརྟན་ཤཱ་རིའི་བུ་ཡུལ་ཇི་ལྟ་བ་བཞིན་དུ་སྟོན། སྨྲས་པ། ཉན་ཐོས་ཀྱི་ཁོང་དུ་ཆུད་པ་ཇི་ཙམ་པ་བསྟན་པའང་དེ་ཙམ་མོ།

PreviousNext


The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1349#UT22084-059-003-1349