Degé Kangyur volume 59, F.75.a

བམ་པོ་ལྔ་པ། རིགས་ཀྱི་བུ་ཡང་དེའི་ཚེ་སྟེང་གི་ཕྱོགས་ནས་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། ཁྱད་པར་བློ་གྲོས་གཉིས་འོངས་ནས་དེ་གཉིས་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ག་ལ་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​དེ་གཉིས་ལ་དེ་བཞིན་གཤེགས་པ་དེས་སྣང་བ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །​ཅིའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་དེ་ཐོབ་པ་དེ་མཚན་མ་དང་། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱའོ། །​ཆོས་ཐམས་ཅད་སྔོན་གྱི་མཐའ་ནས་ཡོངས་སུ་དག་པའོ། །​ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངས་སུ་དག་པའོ། །​ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོངས་སུ་དག་པ་སྟེ། འདི་ནི་དུས་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །​གང་ཡོངས་སུ་དག་པ་འདི་ནི་ནམ་དུ་ཡང་ཡོངས་སུ་མ་དག་པར་མི་འགྱུར་ཏེ། ཡོངས་སུ་དག་པ་གང་གིས་རང་བཞིན་གྱིས་ཡོངས་སུ་དག་པ་འདི་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །​ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །​ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །​ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ་ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །​འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །​མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ།The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1401#UT22084-059-003-1401