Degé Kangyur volume 58, F.311.a

ཅན་ཡོངས་སུ་སྨིན་པར་བྱེད་པར་བརྩོན་འགྲུས་རྩོམ་པ་དང་། དགེ་བ་ཐམས་ཅད་ཡོངས་སུ་བཀང་བའི་ཕྱིར་དེ་ལ་མི་ཆགས་པ་ཡིན་ཏེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བཞི་བསྒྲུབ་པ་འདི་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་ལན་བཏབ་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྐྱོ་བ་དང་། ཡོངས་སུ་མི་སྐྱོ་བ་བཞི་བསྒྲུབ་པ་ལ་འཇུག་པ་འདི་ཐོས་སམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཐོས་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་མི་སྐྱོ་བར་སྤྱད་པར་བྱའོ། །​རྒྱལ་པོ་མ་སྐྱེས་དགྲས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བསྐང་བའི་ཕྱིར་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་བཀའ་སྩལ་པ། མི་འམ་ཅིའི་བདག་པོ་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རང་གི་ཐབས་མཁས་པའི་ཁྱད་པར་རྒྱལ་པོ་མ་སྐྱེས་དགྲ་འདིའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བསྐང་བའི་ཕྱིར་ཁྱོད་ཀྱིས་སྟོན་ཅིག། དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་རང་གི་པི་བང་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བླངས་སོ། །​པི་བང་དེ་བླངས་མ་ཐག་ཏུ་དེ་ནས་སངས་རྒྱས་ཀྱི་མཐུ་དང་། མི་འམ་ཅིའི་རྒྱལ་པོ་སྡོང་པོའི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས་པི་བང་གི་སྒྲ་དེ་ལས་སེང་གེ་བསྒྱིངས་པ་ལྟར་ཤིང་སཱ་ལ་དུ་མ་གཡོ་བའི་སྒྲར་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །​ཕན་པ་སྤྱོད་པ་དག་དང་དོན་སྤྱོད་དང་། །​ཆོས་ཐོས་ནན་ཏན་བྱེད་པ་སྤྱོད་པ་དང་། །​བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །​དེ་དག་ཡོངས་སུ་སྐྱོ་བ་མེད་པར་སྤྱོད། །​བདེ་བ་སྤྱོད་དང་སྐྱིད་པ་སྤྱོད་པ་དང་། །​སེམས་ཅན་ཀུན་ལ་སེམས་སྙོམས་སྤྱོད་པ་དང་། །​བྱང་ཆུབ་མཆོག་གི་སྤྱོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh157.html?part=UT22084-058-006-1634#UT22084-058-006-1634