Degé Kangyur volume 58, F.307.b

གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ཤིང་རྟ་དེས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དང་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་གཤེགས་སོ། །​དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་རྒྱལ་པོ་མ་སྐྱེས་དགྲ་བློན་པོ་དང་། རྒྱལ་བུ་དང་། ཚོང་དཔོན་དང་། གྲོང་རྡལ་པ་དང་། ཁྱིམ་བདག་ཏུ་བཅས་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་འོད་དེས་བསྐུལ་ནས་ཕྱི་དྲོའི་དུས་ཀྱི་ཚེ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་བ་དན་ཐོགས་ཏེ། བཅོམ་ལྡན་འདས་བསུ་བའི་ཕྱིར་རིངས་པ་རིངས་པར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །​སྡོང་པོའི་སླས་རྣམས་ཤིང་རྟ་འདྲེན་བཞིན་དུ་སིལ་སྙན་བརྒྱད་ཁྲི་བཞི་སྟོང་བྱེད་དོ། །​མི་འམ་ཅི་མོའི་རོལ་མོ་སིལ་སྙན་གྱི་སྒྲ་དེས་བྱ་རྒོད་ཀྱི་ཕུང་པོའི་རི་ཐམས་ཅད་དུ་གྲག་པར་གྱུར་ཏོ། །​དེ་ལྟར་མི་འམ་ཅིའི་རྒྱལ་པོ་སྡོང་པོ་དཔུང་དང་བཅས། འཁོར་དང་བཅས་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཅོམ་ལྡན་འདས་ནམ་མཁའི་དཀྱིལ་ནས་ཁྱེར་ཏེ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞག་གོ། །​དེ་ནས་བཅོམ་ལྡན་འདས་ཤིང་རྟ་དེ་ལས་བབས་ནས་རང་གི་གནས་སུ་གདན་བཤམས་པ་ལ་བཞུགས་སོ། །​བྱང་ཆུབ་སེམས་དཔའ་དེ་དག་དང་ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱང་ཤིང་རྟ་དེ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་བཅོམ་ལྡན་འདས་ལ་ཀུན་ནས་བསྐོར་ཏེ་རང་རང་གི་སྟན་ལ་འཁོད་དོ། །​འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཀྱང་ཤིང་རྟ་དེ་ལས་བབས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །​དེ་ནས་རྒྱལ་པོ་མ་སྐྱེས་དགྲ་བློན་པོ་དང་། རྒྱལ་བུ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། གྲོང་རྡལ་པ་དང་བཅས་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh157.html?part=UT22084-058-006-1627#UT22084-058-006-1627