Degé Kangyur volume 58, F.204.a

སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་རྒྱ་ཆེན་པོ་ལ་མོས་ཤིང་དབང་ཆེ་བར་གྲགས་པར་འགྱུར་རོ། །​ཀླུའི་བདག་པོ་གནོད་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། མཛེས་པ་དང་སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་འགྱུར་རོ། །​བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཐོགས་པ་མེད་པའི་བློ་དང་། ཐོགས་པ་མེད་པའི་སེམས་དང་། དབང་པོ་མ་ཚང་བ་མེད་པར་འགྱུར་རོ། །​ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། སངས་རྒྱས་ལ་དད་ཅིང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ། །​བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་སྐྱེད་པ་དང་མི་འབྲལ་བར་འགྱུར་རོ། །​ཀླུའི་བདག་པོ་དེ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱན་ན་འབྱོར་པ་ཆེན་པོར་འགྱུར་རོ། །​དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དོན་དུ་སྨོན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །​དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་བཟོད་པས་བརྒྱན་ན་མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་དབྱངས་ཡོངས་སུ་རྫོགས་པར་འགྱུར་རོ། །​དེ་བཞིན་དུ་སྦྱར་ཏེ་བརྩོན་འགྲུས་ཀྱིས་བརྒྱན་ན་བདུད་ཕྱིར་རྒོལ་བ་བཅོམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་རོ། །​བསམ་གཏན་གྱིས་བརྒྱན་ན་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། དགའ་བ་ཡོངས་སུ་དག་པར་འགྱུར་རོ། །​ཤེས་རབ་ཀྱིས་བརྒྱན་ན་ལྟ་བ་ངན་པ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ། །​བྱམས་པས་བརྒྱན་ན་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་སུ་འགྱུར་རོ། །​སྙིང་རྗེས་བརྒྱན་ན་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར་རོ། །​དགའ་བས་བརྒྱན་ན་ཞུམ་པ་མེད་པའི་སེམས་སུ་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh154.html?part=UT22084-058-003-128#UT22084-058-003-128