Degé Kangyur volume 57, F.144.a

མཆོག་ཨ་ག་རུ་དམ་པའི་སྙིང་པོས་བདུགས་པ། ཀླུའི་མུ་ཏིག་དང་རིན་པོ་ཆེའི་མེ་ཏོག་གིས་རྣམ་པར་སྤྲས་པ། མེ་ཏོག་སིལ་མ་བཀྲམ་པ། རིན་པོ་ཆེའི་ཤིང་དང་། རིན་པོ་ཆེའི་མཁའ་རྟེན་གྱིས་མཛེས་པར་བྱས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རྒྱན་མཛེས་པ་བཀོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་གྱི་ཁྱམས་དེ་ཉིད་ན་ཀུན་ཏུ་སྣང་ངོ་། །​དེར་གདན་སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དཔག་ཏུ་མེད་པ། གྲངས་མེད་པ། སྣ་ཚོགས་པ། བལྟ་ན་སྡུག་པ། མཐོ་བ། རབ་ཏུ་བཟང་བ། ཡངས་པ། རྒྱ་ཆེ་བ། ཡིད་དུ་འོང་བ། ཡིད་དགའ་བར་བྱེད་པ་དག་བྱུང་བར་གྱུར་ཏོ། །​གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ཐེམ་སྐས་ཁ་ཁྱེར་མི་བདུན་གྱི་འཕང་ཙམ་གྱིས་བསྐོར་བ། རྒྱར་དཔག་ཚད་ཕྱེད་ཀྱིས་ཡོངས་སུ་བཟུང་བ། རིན་པོ་ཆེ་ཨན་ད་རྙིལ་དང་། མཐོན་ཁ་ཆེན་པོས་སྙིང་པོར་གྱུར་པ། བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོའི་གདུགས་ཅན། ཚངས་པའི་ནེ་ཙོ་འམ་ཅི་དང་། རིན་པོ་ཆེ་སེར་པོས་སྤྲས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བ་ཀུན་ཏུ་བསྐྱོད་པས་སྒྲ་འབྱུང་བ། སའི་སྟེང་ནས་འཁོར་གྱི་ཁྱམས་ལ་ཐུག་གི་བར་དུ་གྱེན་དུ་མངོན་པར་འཕགས་པ། དྲང་བ་མ་ཡོ་བ་བཞི་སྟོང་བྱུང་བར་གྱུར་ཏོ། །​གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་དེ་ལྟ་བུའི་ཐེམ་སྐས་ཆེན་པོ་དག་བྱུང་བར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་དགོངས་ཤིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་པར་གྱུར་ཏོ། །​བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་དང་ཐབས་ཅིག །​ཉན་ཐོས་ཀྱི་ཚོགས་དང་ཐབས་ཅིག་ཏུ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཉན་ཐོས་ཀྱི་ཚོགས་ཀྱིས་མདུན་དུ་བདར་ཏེ། ལྷ་དང་ཀླུས་མངོན་པར་བསྟོད་ཅིང་མེ་ཏོག་གི་ཆར་ཆེན་པོ་ནི་འབེབས། ན་བཟའི་ཆར་ཆེན་པོས་ནི་མངོན་པར་འགེབས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh147.html?part=UT22084-057-006-1369#UT22084-057-006-1369