Degé Kangyur volume 57, F.142.b

པོའི་སྲས། ཆོས་ཟབ་མོ་ལ་གནས་པར་མཁས་པ། དམིགས་པ་མེད་པའི་ཆོས་ཀྱིས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་པའི་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ། །​བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ཡང་ཐབས་ཅིག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཆགས་པ་མེད་པའི་སྤྱོད་ཡུལ་གྱིས་ངེས་པར་བྱུང་བ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྤྲིན་ལས་ལྷག་མཐོང་དང་། རིག་པ་དང་། རྣམ་པར་གྲོལ་བའི་གློག་ཕྱུང་ཞིང་བདུད་རྩིའི་ཆུའི་རྒྱུན་གྱི་ཆར་འབེབས་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་སེམས་ས་དང་མཉམ་པ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྣ་ཚོགས་ཀྱི་ལོ་ཐོག་ཡང་དག་པར་འཕེལ་བར་བྱེད་པ། ཉི་མའི་དཀྱིལ་འཁོར་བས་ལྷག་པའི་ཤེས་རབ་ཀྱི་འོད་ཟེར་རབ་ཏུ་གཏོང་བས་གཏི་མུག་གི་མུན་པ་སེལ་བའི་ལམ་གྱི་སྣང་བ་ཐོབ་པ་ཀུན་ཏུ་སྟོན་པ་དང་། སེམས་ཅན་གྱི་པད་མ་ཁ་འབྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པ་དང་། སྲེད་པའི་ཆུ་སྐེམས་པ་དང་། ཤེས་པའི་ལས་ཀྱི་མཐའ་ལ་རབ་ཏུ་འཇོག་པ་ལ་མངོན་པར་ཤེས་པ་ཆེན་པོ་དང་། ཞི་གནས་ཀྱིས་རྒྱུ་བ། ཟླ་བ་ལྟ་བུར་འགྲོ་བ་ཐམས་ཅད་ལ་སེམས་མཉམ་པས་མངོན་པར་ཞི་བར་བྱ་བའི་བསམ་པ་ཚིམ་པར་བྱ་བའི་ཐབས་ལ་མཁས་པས་འགྲིབ་པ་དང་འཕེལ་བ་ཀུན་ཏུ་སྟོན་པ། རི་རབ་ལྟ་བུའི་ལྷག་པའི་བསམ་པས་ཚངས་པའི་གནས་པའི་རིན་པོ་ཆེ་ཤིན་ཏུ་བརྟན་ཏེ། ངོས་བཞི་ནས་ཡུལ་གྱི་རླུང་ཐམས་ཅད་ཀྱིས་མི་སྒུལ་ཅིང་འཇིག་རྟེན་གྱི་ཆོས་ལས་མངོན་པར་འཕགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་བསྟན་པ་སྣང་བར་གྱུར་པ། རྒྱ་མཚོ་ཆེན་པོ་ལྟར་གཟུངས་དང་དྲན་པའི་སྣོད་རྒྱ་ཆེན་པོ་ཆོས་ཀྱི་ཆུས་ཡོངས་སུ་གང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རིན་པོ་ཆེས་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ། རི་དགས་ཀྱི་རྒྱལ་པོ་ལྟར་བདེན་པའི་རྐང་པ་དང་། བྱམས་པ་རབ་ཏུ་འཕེལ་བའི་མཇུག་མ་དང་། ཞི་གནས་དང་ལྷག་མཐོང་གི་མིག་དང་ལྡན་ཞིང་ཆོས་ཟབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh147.html?part=UT22084-057-006-1366#UT22084-057-006-1366