Degé Kangyur volume 56, F.78.a

སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་བསོད་ནམས་ཀྱི་ཕུང་པོ་དེ་མང་ངམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་འཁོར་ལོས་སྒྱུར་བ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཡང་མང་ལགས་ན་སེམས་ཅན་གྲངས་མ་མཆིས་པ་དེ་དག་གི་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་རེ་རེ་ནས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པའམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་ལྟ་ཞོག་གི། སྲེད་མེད་ཀྱི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་དག་ཡིན་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ན། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་སེམས་ཅན་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་མང་ངམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཅིག་འཁོར་ལོས་སྒྱུར་བ་དང་མཉམ་པར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དཔག་ཏུ་མ་མཆིས་གྲངས་མ་མཆིས་ན་སེམས་ཅན་གྲངས་མ་མཆིས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། དེ་བས་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་ཆེས་མང་ལ་ཆེས་དཔག་ཏུ་མེད་དེ། འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོས་ནི་བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆར་ཡང་མི་ཕོད། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །​སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་དང་པོའོ། །​སྲེད་མེད་ཀྱི་བུ་གཞན་ཡང་སྟོང་གི་བདག་པོ་ཚངས་པ་ནི་སྟོང་གི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པར་བྱེད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh134.html?part=UT22084-056-002-517#UT22084-056-002-517