།གང་དག་རྙེད་ལ་བརྐམ་པ་དེ་དག་རྗེས་སུ་མ་སློབ་ཤིག །གང་དོན་སངས་རྒྱས་ཆོས་ཚོལ་བ་ནི་བསྐལ་པ་བྱེ་བར་ནི། །ང་ཡིས་ཆུང་མ་བུ་ཕོ་བུ་མོ་རྒྱལ་སྲིད་མགོ་མིག་བཏང་། །ང་ཡི་ཆོས་དེ་རིགས་པ་མི་ལྡན་དེ་དག་རྙེད་རྒྱུས་འཇིག །ཤེས་ཀྱི་ཁེ་དང་རྙེད་ཕྱིར་ཕན་ཚུན་ཞེ་སྡང་བྱེད་པར་འགྱུར། །ཟད་འགྱུར་དུས་ན་བསམ་པ་ཐག་པས་བྱང་ཆུབ་བསྲུང་བའི་ཕྱིར། །སྲོག་ཆགས་བྱེ་བ་བརྒྱད་ཅུ་མཆི་མའི་ཤུགས་ཀྱིས་ཞུགས་པར་འགྱུར། །སྟོང་གསུམ་གཡོས་ནས་ལྷ་ཡིས་མེ་ཏོག་ཆར་ཡང་རབ་ཏུ་ཕབ། །གང་དག་མདོ་འདིར་དགའ་བ་དེ་དག་རྙེད་པ་ལེགས་པར་རྙེད། །ཕྱོགས་བཅུའི་འདྲེན་པ་ཇི་སྙེད་པ་ལའང་དགའ་བར་གྱུར་པ་ཡིན། །ལྷ་རྣམས་ཀྱིས་ཀྱང་དེ་དག་བསྔགས་ཕྲེང་དམ་པ་རྗོད་པར་འགྱུར། །གང་དག་ཕྱི་དུས་ཡེ་ཤེས་ཕྱག་རྒྱའི་མདོ་ཐོས་སྒོམ་བྱེད་པ། །དེ་དག་རྣམས་ལ་ལྷ་ཡང་མཆོད་བྱེད་གནོད་སྦྱིན་སྲུང་བར་བྱེད། །གང་ཞིག་སངས་རྒྱས་ཞིང་ནི་གང་གཱའི་བྱེ་མ་སྙེད་ཀྱི་རྣམས། །གསེར་བཀང་བསྐལ་པ་གང་གཱའི་བྱེ་སྙེད་འདྲེན་པ་ཕུལ་བ་ནི། །གང་ཞིག་ཡེ་ཤེས་ཕྱག་རྒྱའི་མདོ་སྡེ་འདི་ལ་བཟོད་གྱུར་ན། །འདི་ལ་གང་སྦྱོར་བྱེད་པའི་བསོད་ནམས་དེ་ཡི་གྲངས་མི་འགྲོ །མི་འདོད་པ་ལ་ནན་གྱིས་བྱང་ཆུབ་སུ་ལའང་སྦྱིན་མི་བྱ། །སངས་རྒྱས་ཀྱི་ནི་རྨད་བྱུང་ཐོས་ནས་བྱང་ཆུབ་སེམས་བསྐྱེད་ཅིང་། །ཇི་ལྟར་མདོ་སྡེ་དམ་པ་འདི་ལས་རྗེས་སུ་བསྟན་བཤད་པ། །དེ་ལྟར་སྦྱོར་བ་རིང་པོར་མི་ཐོགས་འཇིག་རྟེན་མགོན་པོར་འགྱུར། །གང་ཞིག་སངས་རྒྱས་བྱང་ཆུབ་དམ་པ་རྒྱ་ཆེན་རེག་འདོད་པ། །དགོན་པར་གནས་ནས་གུས་དང་བཅས་པར་སོ་སོར་ཐར་བསྡམས་ཏེ། །སྡོམ་པ་གསུམ་གྱིས་སེམས་ཅན་ཀུན་ལ་མ་བུར་འདུ་ཤེས་ནས། །ཡང་དག་དགའ་བ་མདུན་བྱས་དཔའ་དང་སྟོན་པའི་འདུ་ཤེས་བསྐྱེད། །གང་ཞིག་ཡེ་ཤེས་ཕྱག་རྒྱའི་ཏིང་འཛིན་འདི་ནི་ཡི་གེར་བྲིས། །འཆང་ཞིང་སྟོན་ལ་ཀློག་ཅིང་གང་ཞིག་གཞན་ལ་རབ་འཆད་པ། །དེ་ཡི་བསོད་ནམས་ཕུང་པོ་དཔག་ཏུ་མེད་ཅིང་བསམ་མི་ལང་། །རྒྱལ་བའི་སྲས་པོ་བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སེམས་ཅན་གང་དག་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཡོངས་སུ་འཛིན་པར་འགྱུར་བ་དང་ལེན་པར་འགྱུར་བ་དེ་དག་ཇི་སྙེད་ཅིག་འབྱུང་བར་འགྱུར།