Degé Kangyur volume 55, F.217.a

ཤིན་ཏུ་མཛེས་པའི་སྠ་ལ་ལས་བྱས་པའི་ཁང་པ་བརྩེགས་པ་དག་ཀྱང་ཡོད། མེ་ཏོག་ཐམས་ཅད་ལས་བྱས་པའི་ཁང་པ་བརྩེགས་པ་དག་ཀྱང་ཡོད། ཁ་དོག་དུ་མ་པ་ཁ་དོག་སྣ་ཚོགས་ཁ་དོག་བརྒྱ་སྟོང་དུ་མ་པ་བཀྲ་བ། བལྟ་ན་སྡུག་པ་ཡོངས་སུ་དག་པ། འོད་གསལ་བ་དག་ཀྱང་ཡོད་དོ། །​ཁང་པ་བརྩེགས་པ་རེ་རེར་ཡང་ལྷའི་བུ་མོ་བརྒྱད་ཁྲི་བཞི་སྟོང་མངོན་པར་སྤྲུལ་ཏེ། དེ་ན་ལྷའི་བུ་མོ་ཁ་ཅིག་གི་ལག་ན་དུང་དང་རྔ་བོ་ཆེ་དང་རྫ་རྔ་དང་ཁར་རྔ་དང་པི་བང་རྒྱུད་གཅིག་པ་དང་། གླུ་དབྱངས་སྒྲ་སྙན་པ་དང་གླིང་བུ་དང་རྒྱུད་ཅན་པི་བང་དང་པི་བང་རྒྱུད་གསུམ་པ་རྣམས་ཐོགས་ཏེ། སིལ་སྙན་དང་གླུ་དབྱངས་དང་རོལ་མོའི་སྒྲ་སྐད་རྣམ་པ་མང་པོ་དེ་ལྟ་བུ་ལེན་ཅིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་ཙན་དན་དམར་པོའི་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་ཨ་ག་རུ་དང་ཙན་དན་གྱི་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་ཨ་ག་རུ་ནག་པོ་དང་ཙན་དན་གྱི་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་ཙན་དན་ཐམས་ཅད་ཀྱི་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོའི་མེ་ཏོག་གི་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་མེ་ཏོག་མན་དཱ་ར་དང་མན་དཱ་ར་ཆེན་པོ་དང་པ་རུ་ཥ་ཀ་དང་པ་རུ་ཥ་ཀ་ཆེན་པོ་དང་མཉྫུ་ཥ་ཀ་དང་མཉྫུ་ཥ་ཀ་ཆེན་པོ་དང་། མེ་ཏོག་མདོག་མཛེས་དང་མདོག་མཛེས་ཆེན་པོ་དང་། མེ་ཏོག་འཁོར་ལོ་དང་འཁོར་ལོ་ཆེན་པོ་དང་། ཀུན་ཏུ་འཁོར་ལོ་དང་ཤིན་ཏུ་མཛེས་པའི་འཁོར་ལོ་དང་། མེ་ཏོག་ཟླ་བ་དང་ཟླ་བ་ཆེན་པོ་དང་། ཤིན་ཏུ་མཛེས་པའི་ཟླ་བ་དང་ཟླ་བ་མཆོག་དང་། སྠ་ལ་དང་སྠ་ལ་ཆེན་པོ་དང་ཤིན་ཏུ་མཛེས་པའི་སྠ་ལའི་མེ་ཏོག་གི་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ལྷའི་བུ་མོ་ཁ་ཅིག་ནི་མེ་ཏོག་ཐམས་ཅད་དང་བདུག་པ་དང་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་དང་ཕྱེ་མའི་ཕུར་མ་ཐོགས་ཤིང་འཁོད་དོ། །​ཁང་པ་བརྩེགས་པ་རེ་རེར་ཡང་བཀོད་པ་ཆེན་པོའི་སེང་གེའི་ཁྲི་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་མངོན་པར་སྤྲུལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh130.html?part=UT22084-055-004-265#UT22084-055-004-265