Degé Kangyur volume 55, F.29.a

བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གདམས་པ་དང་། །​རྗེས་སུ་བསྟན་པ་འདི་ལེགས་པར་བསྟན་ཅིང་ལེགས་པར་བཀོད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་བསྟན་ཏེ། ལེགས་པར་བཤད་པ་དང་ལེགས་པར་བཀོད་པ་བཅོམ་ལྡན་འདས་ངོ་མཚར་ཏོ། །​བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་ལགས་ན་མུ་སྟེགས་ཅན་གཞན་གྱི་ལྟ་ཅི་སྨོས། བཅོམ་ལྡན་འདས་བདག་ཀྱང་ནན་ཏན་སྙིང་པོར་བགྱིས་ཏེ་ལུས་དང་སྲོག་ལ་ཡང་མི་ལྟ་བར་བགྱིས་ལ་དེ་བཞིན་གཤེགས་པའི་རྗེས་སུ་སློབ་བོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་འཚལ་ལོ། །​བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ལོ། །​བཅོམ་ལྡན་འདས་བདག་ནི་བདུད་སྡིག་ཅན་ཤིན་ཏུ་གཞིག་པར་འཚལ་ལོ། །​བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་བར་འཚལ་ལོ། །​བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་བདག་གི་སྤྱི་བོ་ལ་གཞག་པར་གསོལ། དེ་ལ་འདི་སྐད་ཅེས་བྱ་སྟེ། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་། །​ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །​ཡོན་ཏན་རྒྱ་མཚོ་རབ་ཟབ་ཐུགས་རྗེ་ཅན། །​མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག །​དེ་སྐད་ཅེས་གསོལ་པ་དང་། །​བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་དགེ་བའི་རྩ་བ་དུ་མ་ལས་བྱུང་བ། མཚན་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་པ། ལྷའི་གསེར་གྱི་ཁ་དོག་ལྟ་བུ་ཟླ་འོད་གཞོན་ནུར་གྱུར་པའི་སྤྱི་བོར་བཞག་གོ། །​བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པའི་སྤྱི་བོར་ཕྱག་གཡས་པ་བཞག་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་ཟླ་འོད་གཞོན་ནུར་གྱུར་པ་ལ་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་དང་རྡོ་རྗེ་ལྟ་བུ་དང་ཡིད་ལྟར་མགྱོགས་པ་དང་གཟུགས་ཐམས་ཅད་སྟོན་པ་དང་སྒྲིབ་པ་མེད་པའི་མཐའ་དང་དེ་བཞིན་གཤེགས་པ་ཐམས་ཅད་སྟོན་པ་དང་སྟོང་པ་ཉིད་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་མངོན་དུ་གྱུར་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5889#UT22084-055-001-5889