Degé Kangyur volume 55, F.26.b

གླུ་དང་རོལ་མོ་དེ་བཞིན་ངུ་བ་ཡང་། །​དེ་ལ་བརྟེན་ནས་བྲག་ཅ་འབྱུང་མོད་ཀྱི། །​སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ་ཡིན། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །​སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །​བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །​རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །​དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །​བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །​བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །​དང་ཞིང་རྙོག་པ་མེད་པའི་ཆུ་ནང་སྣང་། །​ཆུ་ཟླ་སྟོང་པ་གསོག་སྟེ་གཟུང་དུ་མེད། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །​སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །​སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​སྨིག་རྒྱུ་ལ་ཡང་ཆུ་ནི་ཡོང་མེད་ན། །​སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་འཐུང་བར་ཡོང་མི་ནུས། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །​སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང་། །​ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །​ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །​མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །​ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །​དབང་པོ་འདི་དག་གལ་ཏེ་ཚད་ཡིན་ན། །​འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །​འདི་ལྟར་དབང་པོ་འདི་དག་ཚད་མིན་ཞིང་། །​ངོ་བོ་ཉིད་ཀྱིས་བེམས་པོ་ལུང་མ་བསྟན། །​དེ་ཕྱིར་མྱ་ངན་འདའ་བའི་ལམ་འདོད་པ། །​དེས་ནི་འཕགས་པའི་ལམ་གྱིས་བྱ་བ་བྱོས། །​ལུས་ལ་སྔོན་གྱི་མཐའ་མ་རབ་བརྟགས་ན། །​དེ་ལ་ལུས་མེད་ལུས་སུ་འདུ་ཤེས་མེད། །​གང་ལ་ལུས་མེད་ལུས་སུ་ཤེས་མེད་པ། །​དེ་ནི་འདུས་མ་བྱས་ཀྱི་རིགས་ཞེས་བྱ། །​མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །​གང་ཕྱིར་འདི་མེད་ནམ་ཡང་ཡོད་མི་འགྱུར། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5884#UT22084-055-001-5884