ཆོས་རྣམས་ཐམས་ཅད་དངོས་པོ་མེད་པར་བསྟན། །དེ་ཚེ་དེ་དང་འཐུན་པར་མཚན་བཏགས་ཏེ། །སྒྲས་ནི་འཇིག་རྟེན་ཀུན་ཏུ་གྲགས་པར་བྱས། །ལྷ་རྣམས་ཐམས་ཅད་རབ་ཏུ་སྒྲ་འབྱིན་པ། །དངོས་པོ་མེད་ཅེས་བྱ་བའི་རྒྱལ་བར་འགྱུར། །སྐྱེས་མ་ཐག་ཏུ་གོམ་པ་བདུན་བོར་ཏེ། །རྒྱལ་བས་ཆོས་རྣམས་དངོས་པོ་མེད་པར་བཤད། །ཐུབ་པ་ཆོས་རྣམས་ཐམས་ཅད་སྟོན་པ་ཡི། །སངས་རྒྱས་ཆོས་ཀྱི་རྒྱལ་པོར་ནམ་འགྱུར་ཚེ། །རྩི་ཤིང་གེལ་བ་རི་དང་བྲག་རྣམས་ལས། །ཆོས་རྣམས་དངོས་པོ་མེད་ཅེས་སྒྲ་ཡང་བྱུང་། །འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །དེ་ལྟ་བུར་ནི་འཇིག་རྟེན་འདྲེན་པ་ཡི། །སྒྲ་དབྱངས་རྣམ་པ་ཤིན་ཏུ་བྱུང་བར་གྱུར། །དེ་ཡི་དུས་ན་རྒྱལ་པོའི་བུ་སྐྱེས་པ། །མིང་ནི་རྟག་ཏུ་སྙིང་རྗེ་སེམས་ཞེས་བྱ། །ཤིན་ཏུ་གཟུགས་བཟང་བལྟ་ན་སྡུག་པ་ཞིག །རྒྱལ་བ་དེ་ཡི་དྲུང་དུ་ཉེར་འོངས་ཏེ། །ཐུབ་པ་ཁྱུ་མཆོག་ཞབས་ལ་ཕྱག་འཚལ་ནས། །རི་མོར་བཅས་པས་བསྐོར་བར་བྱས་ནས་ནི། །རྡུལ་བྲལ་བླ་ན་མེད་པའི་ཆོས་མཉན་ཕྱིར། །རབ་ཏུ་དང་བའི་སེམས་ཀྱིས་དེར་འདུག་གོ། །རྒྱལ་བ་དཔའ་བོ་དེས་ནི་བསམ་མཁྱེན་ནས། །ཏིང་འཛིན་འདི་ནི་རབ་ཏུ་བཤད་པ་མཛད། །དེས་ནི་རྡུལ་བྲལ་ཏིང་འཛིན་འདི་ཐོས་ནས། །རྒྱལ་མཆོག་བསྟན་ལ་མྱུར་བར་རབ་ཏུ་བྱུང་། །རབ་ཏུ་དེ་བྱུང་ཏིང་འཛིན་འདི་ཡང་ནི། །བཟུང་ཞིང་བཀླགས་ཏེ་ཡོངས་སུ་ཆུབ་བྱས་པས། །བསྐལ་པ་བྱེ་བ་ཉི་ཤུ་ཚང་བར་ནི། །ལོག་པར་ལྟུང་བའི་སར་ཡང་ཡོང་མ་སོང་། །དེ་ནི་དགེ་བར་བྱས་པའི་ལས་དེ་ཡིས། །སངས་རྒྱས་བྱེ་ཕྲག་ཉི་ཤུ་མཉེས་པར་བྱས། །རྒྱལ་བ་དེ་དག་ཀུན་གྱི་དྲུང་དུ་ཡང་། །ཏིང་འཛིན་ཞི་མཆོག་འདི་ནི་གོམས་པར་བྱས། །དེ་ཕྱིས་འཇིག་རྟེན་དུ་ཡང་སངས་རྒྱས་གྱུར། །མིང་ནི་དོན་ལེགས་བསམས་ཞེས་རྟག་ཏུ་བརྗོད། །སེམས་ཅན་བྱེ་བ་མང་པོའི་དོན་བྱས་ནས། །ཕྱི་མའི་དུས་ལ་མེ་བཞིན་མྱ་ངན་འདས། །དངོས་པོ་མེད་པ་ལས་བྱུང་བའི་ལེའུ་སྟེ་བརྒྱད་པའོ།། །།འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་གསུམ་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ།