Degé Kangyur volume 55, F.22.b

ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པ་ཞེས་བྱའོ། །​གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པ་དེ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཐམས་ཅད་ལ་འདོད་ཆགས་པར་མི་བྱེད། ཞེ་སྡང་བར་མི་བྱེད། གཏི་མུག་པར་མི་བྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཆོས་དེ་མི་དམིགས་ཏེ། གང་འདོད་ཆགས་པ་དང་གང་ལ་འདོད་ཆགས་པ་དང་གང་གིས་འདོད་ཆགས་པ་དང་གང་ཞེ་སྡང་བ་དང་གང་ལ་ཞེ་སྡང་བ་དང་གང་གིས་ཞེ་སྡང་བ་དང་གང་གཏི་མུག་པ་དང་གང་ལ་གཏི་མུག་པ་དང་གང་གིས་གཏི་མུག་པར་འགྱུར་བའི་ཆོས་དེ་དེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་སོ། །​ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མ་དམིགས་ན་ཁམས་གསུམ་ཐམས་ཅད་ལ་མ་ཆགས་པར་འགྱུར་ཏེ་མྱུར་དུ་ཏིང་ངེ་འཛིན་འདི་འཐོབ་བོ། །​མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །​དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་རྣམས་ཐམས་ཅད་དངོས་པོ་མེད་པ་སྟེ། །​ཐམས་ཅད་མཚན་མ་མེད་ཅིང་མཚན་ཉིད་མེད། །​སྐྱེས་པ་མེད་ཅིང་འགགས་པ་མེད་པར་ཡང་། །​དེ་ལྟར་ཆོས་རྣམས་ཤིན་ཏུ་རིག་པར་གྱིས། །​ཐམས་ཅད་དངོས་པོ་མེད་ཅིང་ཡི་གེ་མེད། །​སྟོང་པ་ཞི་བ་གཟོད་ནས་དྲི་མ་མེད། །​དེ་ལྟར་ཆོས་རྣམས་གང་གིས་ཤེས་པ་ནི། །​གཞོན་ནུ་དེ་ནི་སངས་རྒྱས་ཞེས་ཀྱང་བརྗོད། །​དེ་ཕྱིར་རང་བཞིན་མཉམ་ཉིད་རྣམས་སྤྲོས་པ། །​ངོ་བོ་ཉིད་ཀྱིས་ཆོས་ཀུན་རང་བཞིན་མེད། །​བདེ་བར་གཤེགས་པའི་ཡུམ་འདི་སུ་འདོད་པ། །​རྒྱལ་བ་རྣམས་ཀྱི་ཡུམ་འདི་འཐོབ་པར་འགྱུར། །​གཞོན་ནུ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། རྒྱ་ཆེ་བ། གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5876#UT22084-055-001-5876