།ཚུལ་ཁྲིམས་བསྔགས་པ་རྟག་ཏུ་བདག་བརྗོད་དེ། །དེ་ན་བདག་གི་ཚིག་ཀྱང་བཙུན་པར་གྱུར། །དགོན་པའི་བསྔགས་པ་དག་ཀྱང་རྟག་ཏུ་བརྗོད། །ཚུལ་ཁྲིམས་ལ་ནི་རྟག་པར་རབ་གནས་ཏེ། །རྟག་ཏུ་གསོ་སྦྱོང་དག་ཀྱང་འཛིན་དུ་སྩལ། །དེ་དག་བྱང་ཆུབ་ལ་ཡང་ཡང་དག་བཙུད། །དེ་དག་ཚངས་པའི་སྤྱོད་པ་ཡང་དག་བསྟབས། །ཆོས་དང་དོན་རྣམས་ལ་ཡང་རབ་ཏུ་གནས། །གང་ལ་མཐའ་དང་ཆགས་པ་འདི་མེད་པ། །བྱང་ཆུབ་ལམ་ལ་དེ་དག་སད་པར་བགྱིས། །བདག་དྲན་བསྐལ་པ་འདས་པའི་དུས་ཤིག་ན། །རྒྱལ་བ་སྒྲ་ཡི་ཡན་ལག་དབྱངས་བྱུང་སྟེ། །དེ་ཡི་སྤྱན་སྔར་བདག་གིས་དམ་བཅས་པ། །བདག་ནི་རྟག་ཏུ་བཟོད་པའི་སྟོབས་ལྡན་བགྱི། །ཡི་དམ་བཅས་པ་དེ་ལ་གནས་ནས་ནི། །ལོ་གྲངས་བྱེ་བ་བརྒྱད་ཅུ་ཕྲག་བཞིར་ཡང་། །བདག་ལ་བདུད་ཀྱིས་ཤིན་ཏུ་སྨད་ཅིང་སྤྱོས། །འོན་ཀྱང་བདག་གི་སེམས་ནི་ཡོང་མ་འཁྲུགས། །དེར་ནི་བདུད་ཀྱིས་བགམས་ཤིང་སད་ན་ཡང་། །བདག་གི་བྱམས་བཟོད་བརྟན་པ་འཚལ་ནས་ནི། །སེམས་དང་བདག་གི་རྐང་ལ་ཕྱག་འཚལ་ཏེ། །ལྔ་བརྒྱ་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས། །བདག་ནི་རྟག་ཏུ་སེར་སྣ་མེད་པར་གྱུར། །གཏོང་བའི་བསྔགས་པ་དག་ཀྱང་ཁོར་མོར་འཆད། །ཕྱུག་ཅིང་ནོར་ལྡན་བདག་ཉིད་ཆེན་པོར་གྱུར། །མུ་གེའི་ཚེ་ཡང་བདག་ཉིད་སྦྱིན་བདག་གྱུར། །དགེ་སློང་སུ་དག་ཏིང་འཛིན་འདི་འཛིན་ཅིང་། །སུ་དག་ཀློག་ཅིང་སུ་དག་ལུང་ནོད་པ། །དེ་དག་ལ་ནི་བདག་ཀྱང་བསྙེན་བཀུར་བགྱིད། །དེ་དག་ཐམས་ཅད་མི་ཡི་མཆོག་ཏུ་འགྱུར། །བདག་ནི་བླ་ན་མེད་པའི་ལས་དེ་ཡིས། །སངས་རྒྱས་འཇིག་རྟེན་མགོན་པོ་མང་པོ་མཐོང་། །རྒྱལ་བའི་བསྟན་པ་ལ་ཡང་རབ་བྱུང་སྟེ། །རྟག་ཏུ་ཆོས་སྨྲ་བ་ནི་མཁས་པར་གྱུར། །སྦྱངས་པ་ལ་ཡང་རྟག་ཏུ་བདག་བརྩོན་ཏེ། །བས་མཐའ་དགོན་པ་ལ་ཡང་ཁོར་མོར་གནས། །ཁ་ཟས་ཕྱིར་ནི་ཚུལ་འཆོས་མི་བགྱིད་དེ། །ངན་ངོན་ཙམ་དག་གིས་ཀྱང་ཆོག་ཤེས་གྱུར། །བདག་ནི་རྟག་ཏུ་ཕྲག་དོག་མ་མཆིས་ཏེ། །བདག་ནི་ཁྱིམ་ལའང་ཆགས་པར་མི་འགྱུར་རོ། །ཁྱིམ་ལ་ཆགས་པ་དག་ནི་ཕྲག་དོག་སྐྱེ། །ཕྲག་དོག་མ་མཆིས་ནགས་དགོན་དགའ་བར་བགྱིད། །བདག་ནི་རྟག་ཏུ་བྱམས་ལ་གནས་པར་གྱུར།