འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་བདུན་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དང་བསླབ་པ་དང་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་གདོན་མི་ཟ་བར་བྱའོ། །འདུ་འཛི་མང་བ་མ་ཡིན་པར་བྱའོ། །སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་ཤིང་དགེ་བའི་བཤེས་གཉེན་ལ་རྟེན་པ་དང་ཡོངས་སུ་དྲི་བའི་རང་བཞིན་ཅན་དང་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང་ཆོས་ལ་དོན་དུ་གཉེར་བ་དང་ཆོས་འདོད་པ་དང་ཆོས་ལ་དགའ་བ་དང་ཆོས་ཡོངས་སུ་འཛིན་པ་དང་ཆོས་དང་ཆོས་ཀྱི་རྗེས་སུ་འཐུན་པ་ལ་ཞུགས་པར་བྱའོ། །དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །གང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ལ་ཡང་དེས་དགའ་བ་དང་གུས་པས་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགེ་བའི་རྩ་བ་དང་བསླབ་པ་དང་ཡོན་ཏན་གྱི་ཆོས་ཐམས་ཅད་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བླངས་ཏེ་གནས་ན་དེ་མྱུར་དུ་སྤོབས་པ་རྒྱུན་མི་འཆད་པ་ལས་ངེས་པར་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་མོས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་ངེས་པར་རྟོགས་པར་འགྱུར་རོ། །ལྷར་བཅས་པའི་འཇིག་རྟེན་གྱི་ནེམ་ནུར་དང་ཡིད་གཉིས་དང་ཐེ་ཚོམ་གྱི་མུན་པ་སེལ་བའི་ཕྱིར་སྣང་བ་ལྟ་བུར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དགེ་བའི་རྩ་བ་དང་བསླབ་པ་དང་ཡོན་ཏན་གྱི་ཆོས་ཐམས་ཅད་ངེས་པར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པའི་ཕྱིར་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་གཏམ་གྱི་རྒྱུད་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་པ། སྔོན་བྱུང་འཛམ་བུའི་གླིང་ཞེས་བྱ་བ་འདིར། །གཡེལ་བ་མེད་པའི་ཁྱེའུ་མཆོག་གཉིས་བྱུང་སྟེ། །བདེ་བར་གཤེགས་པའི་བསྟན་ལ་རབ་བྱུང་ནས། །བསེ་རུ་བཞིན་དུ་ནགས་ཁྲོད་སྟུག་པོར་གནས། །རྫུ་འཕྲུལ་ལྡན་ཞིང་བསམ་གཏན་བཞི་རྣམས་ཐོབ། །སྙན་དངགས་བསྟན་བཅོས་མཁས་ཤིང་རྫོགས་པ་སྟེ།