།གང་གིས་ཕྲ་ཞིང་ཤིན་ཏུ་བལྟ་དཀའི་ཆོས། །སྟོང་པ་ཞི་བ་མཚུངས་མེད་བསམ་མི་ཁྱབ། །སྟོབས་བཅུ་ལྡན་པའི་སྤྱོད་ཡུལ་བསྒོམས་པ་རྣམས། །དེ་དག་སླད་དུ་འདྲེན་པ་བདག་ཞུའོ། །སྲོག་ཆགས་འགྲོ་བ་བསམ་ཡས་ཀུན་གྱི་ཕྱིར། །གང་གིས་བྱམས་པ་སྙིང་རྗེ་རབ་བསྒོམས་ཤིང་། །གང་ལ་སེམས་ཅན་འདུ་ཤེས་མེད་པ་དག །དེ་ཕྱིར་རྐང་གཉིས་གཙོ་ལ་བདག་ཞུའོ། །གང་དག་ཡེ་ཤེས་མཚུངས་མེད་བསམ་མི་ཁྱབ། །དེ་དག་ལ་ནི་གཟུང་བ་ཡོང་མེད་དེ། །སེམས་དང་སྤྱོད་ཡུལ་དག་གི་ཕ་རོལ་ཕྱིན། །དེ་ཕྱིར་མགོན་པོ་ལ་ནི་བདག་ཞུའོ། །ཚུལ་ཁྲིམས་ཡེ་ཤེས་ཡོན་ཏན་ཕ་རོལ་ཕྱིན། །དུས་གསུམ་ལ་ནི་ཡེ་ཤེས་མཚུངས་མེད་འཇུག །ཁྱོད་ལ་འཁྲུལ་པ་དག་ནི་མི་མངའ་ན། །སུ་ཡི་སླད་དུ་འཛུམ་པ་འདི་དག་བསྟན། །ཤཱ་རིའི་བུ་དང་མ་འགགས་མཽད་གལ་བུ། །བདེ་གཤེགས་ཉན་ཐོས་གཞན་གང་སུ་མཆིས་པ། །འདི་ལ་དེ་དག་ཡེ་ཤེས་མི་འཇུག་སྟེ། །འདི་ནི་སངས་རྒྱས་སྤྱོད་ཡུལ་བླ་ན་མེད། །ཆོས་རྣམས་ཀུན་ལ་དབང་བའི་ཕ་རོལ་ཕྱིན། །བསླབས་པའི་སྤྱོད་པ་ཀུན་གྱིས་མངོན་པར་འཕགས། །འདྲེན་པ་ཐུགས་རྗེ་དག་ཀྱང་རབ་བསྐྱེད་ལ། །དོན་དམ་མཁྱེན་པ་གསུང་སྒྲ་དབྱུང་བར་གསོལ། །སྔོན་གང་བསྐལ་པ་བྱེ་བ་མང་པོར་ཡང་། །སྐྱབས་དང་དཔུང་གཉེན་མཆོག་ཏུ་གྱུར་སྙམ་སྟེ། །དེ་འདྲའི་སེམས་ཀྱིས་རྐང་གཉིས་གཙོ་དྲིས་པ། །འདྲེན་པས་དེ་ཡི་འབྲས་བུ་དེང་གསུང་ཤིག །གང་ཟག་ཆེན་པོས་ལུང་བསྟན་མཉན་པའི་ཕྱིར། །གནོད་སྦྱིན་སྲིན་པོ་གྲུལ་བུམ་གསང་བ་པོ། །རྐང་གཉིས་གཙོ་བོ་ལ་ནི་རབ་རྟོག་ཅིང་། །ཐམས་ཅད་ཐལ་མོ་སྦྱར་ཏེ་གུས་པར་འཁོད། །སངས་རྒྱས་ཞིང་ནི་བྱེ་བ་མང་པོ་ནས། །བྱང་ཆུབ་སེམས་དཔའ་འཕྲུལ་ལྡན་མང་པོ་མཆིས། །བདེ་གཤེགས་སྲས་ཀྱི་གཙོ་བོ་ཐུགས་ལས་སྐྱེས། །ཐམས་ཅད་ཐལ་མོ་སྦྱར་ཅིང་གུས་པས་འཁོད། །ཤཱཀྱ་སེང་གེ་མི་མཆོག་དྲི་བའི་ཕྱིར། །མི་འཁྲུགས་ཞིང་ཕྱོགས་འཇིག་རྟེན་རྣམ་གྲགས་པ། །ཤར་ཕྱོགས་ནས་ནི་སྤོས་ཀྱི་གླང་པོ་ཡང་། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་མདུན་བདར་མཆིས། །ཤཱཀྱ་སེང་གེ་མི་མཆོག་དྲི་བའི་ཕྱིར། །