Degé Kangyur volume 54, F.231.b

།ལྕེ་སྟེང་བྱུང་བའི་མཆིལ་མ་མིས་བོར་བཞིན། །​དེ་བཞིན་གཤེགས་ཚོགས་གནས་སུ་འདོར་བ་མཐོང་། །​བདག་གིས་སངས་རྒྱས་སྟོང་ཕྲག་མཐའ་ཡས་པ། །​ཞི་བར་འགྲོ་བ་མེ་ལ་ཆུས་བཏབ་བཞིན། །​འགྲོ་བ་སྡུག་བསྔལ་ཁུར་སྐྱོ་མྱ་ངན་བཟླས། །​སྟོབས་བཅུ་ཉོན་མོངས་ཀུན་སྤངས་འདས་པ་མཐོང་། །​བདག་གིས་རྒྱལ་བ་སྟོང་ཕྲག་མཐའ་ཡས་པ། །​འགྲོ་ལ་སྨན་དོན་མཛད་ཅིང་སྐུ་གདུང་བྲལ། །​མྱ་ངན་འདས་ཀྱང་སྐྱེ་བོ་མྱ་ངན་ཟློ། །​མྱ་ངན་འདས་ཀྱང་བསྟན་པ་རྗོད་པ་མཐོང་། །​དེ་ལྟར་འགྲོ་ལ་སྨན་སླད་སྐྱབས་སུ་མཆི། །​དགེ་བ་བསགས་པ་འདི་ཡིས་སངས་རྒྱས་གྱུར། །​བདག་ཉིད་གྲོལ་ནས་སེམས་ཅན་ཁྲག་ཁྲིག་དགྲོལ། །​མགོན་མེད་བདུད་ཞགས་བཅིངས་པ་ཞི་བར་བགྱི། །​དེ་ནས་དྲང་སྲོང་མི་འཁྲུགས་པའི་བློ་གྲོས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་མངོན་པར་བསྟོད་ནས། དགེ་བའི་རྩ་བ་དེས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་གཏི་མུག་པར་མ་གྱུར། ནམ་ཡང་འདོད་པ་མ་སྤྱད། ནམ་ཡང་བུད་མེད་ཀྱི་དབང་དུ་མ་གྱུར། ནམ་ཡང་བདུད་ཀྱི་སྤྱོད་ཡུལ་ལ་མ་སྤྱད། ནམ་ཡང་མངལ་གྱི་གནས་སུ་མ་ཞུགས། རྟག་ཏུ་རྒྱུན་མི་འཆད་པར་རྫུས་ཏེ་སྐྱེས། ནམ་ཡང་བདུད་ཀྱི་ལས་ཀྱིས་མ་བསྒྲིབས། ནམ་ཡང་བདུད་ཀྱི་ལས་ཀྱི་དབང་དུ་འགྲོ་བར་མ་གྱུར། ནམ་ཡང་བྱང་ཆུབ་ཀྱི་སེམས་དང་བྲལ་བར་མ་གྱུར། ནམ་ཡང་འཁོར་བས་སྐྱོ་བའི་སེམས་མ་བསྐྱེད། སེམས་ཅན་ཐམས་ཅད་ལ་ཕན་པ་དང་ལྡན་པ་མ་ཡིན་པ་ནམ་ཡང་ཕན་པ་མེད་པའི་སེམས་མ་བསྐྱེད་དོ། །​བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་སངས་རྒྱས་དང་བྲལ་བའི་ཡིད་ལ་བྱེད་པ་མ་བསྐྱེད། ནམ་ཡང་ཆགས་པ་དང་ལྡན་པའི་ཡིད་ལ་བྱེད་པ་མ་བསྐྱེད། བསྐལ་པ་བརྗོད་དུ་མེད་པར་ནམ་ཡང་སྐྱེ་བ་དང་ལྡན་པའི་ཡིད་ལ་བྱེད་པ་མ་བསྐྱེད། ནམ་ཡང་འབྱུང་བ་མ་བཙལ། ནམ་ཡང་ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བར་མ་གྱུར། ནམ་ཡང་དམན་པའི་སེམས་དང་ལྡན་པར་མ་གྱུར།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1071#UT22084-054-005-1071