Degé Kangyur volume 51, F.247.b

ཕོ་བྲང་དུ་འགྲོ་བའི་ཕྱིར་རོ། །​ཆོས་གོས་གསུམ་པ་ནི་གྲོང་དང་། གྲོང་ཁྱེར་དང་གྲོང་འདབ་དང་། ཡེ་འུར་འཁོད་པ་དང་ཚོང་འདུས་དག་གི་ཕྱིར་ཏེ། དགེ་སློང་དག་གིས་ཆོས་གོས་དེ་གསུམ་བཅང་བར་བྱའོ། །​གང་ཚུལ་ཁྲིམས་དང་ལྡན་པ་དང་ཡོན་ཏན་དང་ལྡན་པའི་དགེ་སློང་དག་གིས་ནི་ངས་བསླབ་ཚིགས་བཅས་པ་འདི་གཟུང་བར་བྱའོ། །​དགེ་སློང་དག་དགེ་འདུན་གྱི་རྫས་ལ་སྤྱོད་པར་མི་འོས་པ་དག་གིས་ནི་ཡོངས་སུ་སྤྱད་པར་མི་བྱའོ། །​དགེ་འདུན་གྱི་ནི་མེའི་འོབས་ལྟ་བུའོ། །​དགེ་འདུན་གྱི་ནི་དུག་ལྟ་བུའོ། །​དགེ་འདུན་གྱི་ནི་རྡོ་རྗེ་ལྟ་བུའོ། །​དགེ་འདུན་གྱི་ནི་ཁུར་ལྟ་བུའོ། །​དུག་ལ་ནི་གཉེན་པོ་བྱ་ནུས་ཀྱི་དགེ་འདུན་གྱི་ལ་ནི་གཉེན་པོ་བྱ་མི་ནུས་སོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བསླབ་ཚིགས་ལ་དགེ་སློང་གང་དག་འཛིན་པར་བགྱིད་པ་ནི་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ལགས་སོ། །​འདུལ་བ་ལ་མངོན་པ་ལགས་སོ། །​བཅོམ་ལྡན་འདས་ཀྱི་བསླབ་ཚིགས་ཀྱི་རྗེས་སུ་བསྲུངས་པ་ལགས་སོ། །​དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །​དེ་ནས་ཉན་ཐོས་ཆེན་པོ་དེ་དག་བདག་བདག་གི་སངས་རྒྱས་ཀྱི་ཞིང་དུ་དོང་ངོ་། །​ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཀྱང་དོང་ངོ་། །​བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །​འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh116.html?part=UT22084-051-004-1099#UT22084-051-004-1099