Degé Kangyur volume 51, F.48.a

རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་ཐམས་ཅད་ཆུས་ངོམས་ཏེ། སྟོབས་ཇི་ལྟ་བ་དང་ཡུལ་ཇི་ལྟ་བ་དང་མཐུ་ཇི་ལྟ་བ་བཞིན་དུ་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་ལ་སོགས་པས་ཆུ་འཐུང་སྟེ། བདག་བདག་གི་སོ་སོའི་རིགས་དང་ཚད་དུ་སྐྱེའོ། །​འོད་སྲུང་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བཤད་པ། ཆོས་ཐམས་ཅད་རོ་གཅིག་པ་སྟེ། དེ་ནི་རྣམ་པར་གྲོལ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་རོ་གཅིག་གོ། །​འོད་སྲུང་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་བཤད་པ་དེ་ལ། སེམས་ཅན་གང་ཉན་པ་དང་འཛིན་པ་དང་འཇུག་པ་དེ་དག་བདག་གིས་བདག་ཤེས་པའམ་རིག་པའམ་རྟོགས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་དེ་བཞིན་གཤེགས་པས་འདི་ལྟར་སེམས་ཅན་དེ་དག་དེ་བཞིན་དུ་མཁྱེན་ཏེ། དེ་དག་སུ་ཡིན་པ་དང་དེ་དག་ཅི་ལྟ་བུ་ཡིན་པ་དང་དེ་དག་ཅི་འདྲ་བ་དང་དེ་དག་ཅི་ལ་སེམས་པ་དང་དེ་དག་ཇི་ལྟར་སེམས་པ་དང་དེ་དག་ཅིས་སེམས་པ་དང་དེ་དག་ཅི་ལ་སྒོམ་པ་དང་དེ་དག་ཇི་ལྟར་སྒོམ་པ་དང་དེ་དག་ཅིས་སྒོམ་པ་དང་དེ་དག་ཅི་འཐོབ་པ་དང་དེ་དག་ཇི་ལྟར་འཐོབ་པ་དང་དེ་དག་ཅིས་འཐོབ་པ་དེ་དག་ཐམས་ཅད་ནི་འོད་སྲུང་དེ་བཞིན་གཤེགས་པ་ལ་མངོན་སུམ་སྟེ། མངོན་སུམ་དུ་གཟིགས། ཇི་ལྟ་བ་བཞིན་དུ་གཟིགས་པའི་ཕྱིར་རོ། །​འོད་སྲུང་འདི་ལྟ་སྟེ། རྣམ་པར་གྲོལ་བའི་རོ་དང་མྱ་ངན་ལས་འདས་པའི་མཐར་ཐུག་པ་དང་རྟག་པར་ཡོངས་སུ་མྱ་ངན་ལས་འདས་པ་དང་། ས་གཅིག་པ་དང་ནམ་མཁའི་སྤྱོད་ཡུལ་དུ་ངས་ཆོས་རྣམས་རོ་གཅིག་པར་རྟོགས་ཀྱང་། སེམས་ཅན་རྣམས་ཀྱི་དད་པ་བསྲུང་བའི་ཕྱིར། ས་དེ་དང་དེ་དག་ན་གནས་པའི་སེམས་ཅན་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་རབ་འབྲིང་ཐ་མ་དེ་དག་ལྟ་བུ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བློ་བུར་དུ་མི་སྟོན་ཏོ། །​འོད་སྲུང་དེ་བཞིན་གཤེགས་པས་ལྡེམ་པོར་དགོངས་ཏེ་བཤད་པ་ལ། ཁྱེད་འཇུག་མི་ནུས་པས་ཁྱེད་ངོ་མཚར་དུ་གྱུར་ཏོ། །​དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དགོངས་ཏེ་བཤད་པ་ནི་ཤེས་པར་དཀའ་བའི་ཕྱིར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6096#UT22084-051-001-6096