ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཆོས་ཀྱིས་གྲུབ་པ་སྟེ། དེང་བདག་ཡོངས་སུ་གདུང་བ་དང་བྲལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སྒྲ་འདི་ཐོས་ནས་ཚིམ་པ་རབ་སྐྱེས་ཏེ། །རྣམ་འདྲེན་ཆེན་པོ་བདག་ནི་ངོ་མཚར་གྱུར། །བདག་ལ་ཐེ་ཚོམ་ནམ་ཡང་ཕྱིས་མི་འབྱུང་། །ཐེག་པ་མཆོག་འདིར་བདག་ནི་ཡོངས་སྨིན་བགྱིས། །བདེ་བར་གཤེགས་པའི་གསུང་དེ་ངོ་མཚར་ཏེ། །སྲོག་ཆགས་རྣམས་ཀྱི་ཐེ་ཚོམ་མྱ་ངན་བསལ། །ཟག་པ་ཟད་པ་བདག་གི་མྱ་ངན་ཀྱང་། །གསུང་ཐོས་པས་ནི་ཐམས་ཅད་བསལ་བར་གྱུར། །གདུགས་ལ་གནས་ཤིང་ཕན་ཚུན་མཆི་བ་དང་། །ནགས་ཚལ་ཁྲོད་དང་ཀུན་དགའ་ཤིང་དྲུང་དང་། །རི་དང་རི་སུལ་གནས་པར་འགྱུར་བའི་ཚེ། །བསམ་པ་འདི་དག་ཉིད་ནི་རྗེས་སུ་སེམས། །ཟག་པ་མེད་པའི་ཆོས་སུ་མཚུངས་པ་ལ། །འདི་ལྟར་ཁམས་གསུམ་པ་ཡི་ཆོས་ཀྱི་མཆོག །མ་འོངས་དུས་ན་སྟོན་པར་མི་འགྱུར་བ། །ཀྱེ་མ་བདག་ནི་སྡིག་པའི་སེམས་ཀྱིས་བསླུས། །མཚུངས་པའི་ཆོས་རྣམས་ལ་ནི་བདག་རྨོངས་པས། །བདག་ནི་སུམ་ཅུ་རྩ་གཉིས་མཚན་ལས་ཉམས། །གསེར་གྱི་ཁ་དོག་མདོག་ཀྱང་རབ་ཏུ་སྟོན། །སྟོབས་དང་རྣམ་ཐར་འདི་དག་ཀུན་ལས་ཉམས། །ཐུབ་པ་ཆེན་པོ་དཔེ་བྱད་བཟང་པོ་གང་། །མཆོག་རབ་དམ་པ་བརྒྱད་ཅུ་ཚང་བ་དང་། །གང་ཡང་མ་འདྲེས་པ་ཡི་བཅྭ་བརྒྱད་ཆོས། །དེ་ལས་ཀྱེ་མ་བདག་ཅག་ཉམས་ཤིང་བསླུས། །འཇིག་རྟེན་ཕན་པ་ཐུགས་བརྩེ་ཁྱོད་མཐོང་ནས། །གདུགས་ལ་མཆིས་ནས་གཅིག་པུ་གནས་པའི་ཚེ། །མ་ཆགས་ཡེ་ཤེས་བསམ་གྱིས་མི་ཁྱབ་ལས། །ཀྱེ་མ་བདག་ནི་བསླུས་ཞེས་རྣམ་པར་སེམས། དེ་ལྟར་མང་དུ་རྣམ་པར་སེམས་པ་ཡིས། །མགོན་པོ་གདུགས་དང་མཚན་ཡང་བས་པར་གྱུར། །འདི་ལས་བདག་ནི་ཉམས་སམ་མ་ཉམས་ཞེས། །བཅོམ་ལྡན་འདས་ལ་རེ་ཤིག་ཞུ་སྙམ་བགྱིད། །བྱང་ཆུབ་སེམས་དཔའ་མང་པོ་གཞན་དག་ལ། །འཇིག་རྟེན་འདྲེན་པས་བསྟོད་པ་མཐོང་ནས་སུ། །རྒྱལ་བ་དབང་པོ་བདག་ནི་དེ་སེམས་ཤིང་། །གདུགས་དང་མཚན་མོ་རྟག་དུ་དེ་བཞིན་པས། །ཡེ་ཤེས་བརྟག་མེད་ཕྲ་ཞིང་ཟག་མེད་པ། །རྒྱལ་བས་བྱང་ཆུབ་སྙིང་པོར་གསུངས་པས་ན། །འདི་ནི་ལྡེམ་པོར་དགོངས་ཏེ་གསུངས་པ་ཞེས། །སངས་རྒྱས་ཆོས་འདི་ཐོས་ནས་བདག་བཟོད་དོ།