Degé Kangyur volume 51, F.142.a

མར་བྱས་རི་མོ་དང་མཆོད་པ་དང་གསོལ་བ་དང་དབུལ་བ་བྱས་ཏེ་གཞན་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྟི་སྟང་དུ་བྱ་བ་དང་བླ་མར་བྱ་བ་དང་རི་མོ་དང་མཆོད་པ་དང་གསོལ་བ་བྱས་ནས། དེ་དག་ཐམས་ཅད་དུ་ཡང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། སྔོན་གྱི་དགེ་བའི་རྩ་བ་དེ་ཉིད་ཡོངས་སུ་སྨིན་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​མཐུ་ཆེན་ཐོབ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོའི་བསྟན་པ་ལ། འཁོར་བཞི་རྣམས་ཀྱིས་རྟག་ཏུ་བརྙས་པར་གྲགས་ཤིང་། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྙེད་མཉེས་པར་བྱས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་དེ། གཞན་ཞིག་ཡིན་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་བར་གྱུར་ན། མཐུ་ཆེན་ཐོབ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །​དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་ཞེས་བྱ་བར་གྱུར་ཏོ། །​མཐུ་ཆེན་ཐོབ་གལ་ཏེ་ངས་སྔོན་ཆོས་ཀྱི་རྣམ་གྲངས་འདི་མ་བླངས་མ་བཟུང་བར་གྱུར་ན། ང་འདི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་ཏེ། མཐུ་ཆེན་ཐོབ་དེ་ལྟར་ངས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གན་ནས་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། བཀླགས་པ་དང་བསྟན་པས་དེའི་ཕྱིར་ང་འདི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །​མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྙས་པ་དེས་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་བརྒྱ་ཕྲག་མང་པོ་དག་ལ། བཅོམ་ལྡན་འདས་དེའི་བསྟན་པ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་བསྒྲགས་ཤིང་། ཁོ་བོ་ཁྱེད་ལ་བརྙས་པར་མི་བྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6284#UT22084-051-001-6284