།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་འདི་དག་དཔག་མེད་པ། །འདི་དག་བསམ་གྱིས་མི་ཁྱབ་ཚད་ཀྱང་མེད། །རྫུ་འཕྲུལ་ཤེས་རབ་ཐོས་པ་རྣམས་དང་ལྡན། །བསྐལ་པ་བྱེ་བ་མང་པོར་ཡེ་ཤེས་སྤྱད། །ང་ཡིས་འདི་དག་ཐམས་ཅད་བྱང་ཆུབ་ལ། །ཡོངས་སུ་སྨིན་བྱས་ང་ཡི་ཞིང་ན་འཁོད། །འདི་དག་ཐམས་ཅད་ང་ཡིས་སྨིན་བྱས་ཏེ། །བྱང་ཆུབ་སེམས་དཔའ་འདི་དག་ང་ཡི་བུ། །འདི་དག་ཐམས་ཅད་དགོན་དང་སྦྱངས་ལ་མོས། །འདུ་འཛི་ས་ནི་རྟག་ཏུ་སྤོང་བར་བྱེད། །ང་ཡི་སྤྱོད་པ་མཆོག་གི་རྗེས་སློབ་ཅིང་། །ང་བུ་འདི་དག་འདུ་འཛི་མེད་པར་སྤྱོད། །ནམ་མཁས་ཡོངས་སུ་ཟིན་པ་འདིར་གནས་ཏེ། །ཞིང་འདིའི་འོག་ན་དཔའ་རྣམས་ཡོངས་སུ་སྤྱད། །བྱང་ཆུབ་དམ་པ་འདི་ནི་ཀུན་སྒྲུབ་ཅིང་། །ཉིན་མཚན་དུ་ནི་བག་ཡོད་ཤིན་ཏུ་བརྩོན། །ཐམས་ཅད་བརྩོན་འགྲུས་བརྩམས་པ་དྲན་དང་ལྡན། །དཔག་ཏུ་མེད་པའི་ཤེས་རབ་སྟོབས་ལ་གནས། །འདི་དག་མི་འཇིགས་པར་ཡང་ཆོས་འཆད་པའི། །འོད་གསལ་འདི་དག་ཐམས་ཅད་ང་ཡི་བུ། །བྱང་ཆུབ་དམ་པ་འདི་ནི་ངས་ཐོབ་ནས། །གྲོང་ཁྱེར་ག་ཡ་དེ་ཡི་ཤིང་དྲུང་དེར། །ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར། །ཐམས་ཅད་བྱང་ཆུབ་མཆོག་འདིར་སྨིན་པར་བྱས། །ཟག་མེད་ཡང་དག་ང་ཡི་ཚིག་འདི་ནི། །ཐོས་ནས་ཐམས་ཅད་ང་ལ་དད་པར་གྱིས། །ང་ཡིས་དེ་ལྟར་བྱང་ཆུབ་མཆོག་ཐོབ་རིང་། །ངས་ནི་འདི་དག་ཐམས་ཅད་ཡོངས་སྨིན་བྱས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དེ་དག་ངོ་མཚར་དུ་གྱུར་རྨད་དུ་གྱུར་ནས། ཇི་ལྟར་ན་བཅོམ་ལྡན་འདས་སྐད་ཅིག་བཞུགས་ནས། ཡུན་རིང་པོ་མ་ལོན་པར་བྱང་ཆུབ་སེམས་དཔའ་གྲངས་མེད་པ་འདི་སྙེད་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བཙུད་དེ་ཡོངས་སུ་སྨིན་པར་མཛད་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཞོན་ནུར་གྱུར་པ་ན། སེར་སྐྱའི་གནས་ཀྱི་ཤཱཀྱའི་གྲོང་ཁྱེར་ནས་མངོན་པར་བྱུང་སྟེ། ག་ཡའི་གྲོང་ཁྱེར་ནས་ཤིན་ཏུ་མི་རིང་བ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས།