Degé Kangyur volume 51, F.67.b
།ཁམས་གསུམ་དག་ན་སེམས་ཅན་རྣམས། །བཅིངས་པ་གང་དག་འགྲོལ་བ་ཡི། །འཇིག་རྟེན་མགོན་པོ་སྐྱོབ་མཛད་པ། །སངས་རྒྱས་རྣམས་ནི་མཐོང་བ་ལེགས། །འཇིག་རྟེན་དབང་པོ་ཀུན་ཏུ་སྤྱན། །ཕྱོགས་བཅུར་རྣམ་པར་གཟིགས་མཛད་ཅིང་། །འཆི་བ་མེད་པའི་སྒོ་ཕྱེ་ནས། །སྐྱེ་བོ་མང་པོ་ཤིན་ཏུ་སྒྲོལ། །སྔོན་ཆད་བསྐལ་པ་བསམ་མི་ཁྱབ། །འདས་པ་དེ་དག་སྟོངས་གྱུར་ཏེ། །རྒྱལ་བ་དབང་པོ་མ་མཐོང་བས། །ཕྱོགས་བཅུ་དག་ནི་ལྡོངས་པར་གྱུར། །མི་བཟད་སེམས་ཅན་དམྱལ་བ་དང་། །ལྷ་མིན་དུད་འགྲོ་སྐྱེ་གནས་འཕེལ། །སྲོག་ཆགས་བྱེ་བ་ཕྲག་སྟོང་ནི། །ཡི་དགས་རྣམས་སུ་སྐྱེ་བར་འགྱུར། །ལྷ་མི་ལུས་ལས་ཉམས་ནས་ནི། །འཆི་ཞིང་འཕོས་ནས་ངན་འགྲོར་མཆིས། །སངས་རྒྱས་རྣམས་ཀྱི་ཆོས་མ་ཐོས། །དེ་ཡིས་འགྲོ་བ་སྡིག་ཅན་གྱུར། །སྲོག་ཆགས་ཀུན་གྱི་སྤྱོད་དག་པའི། །རྒྱུད་ཀྱི་ཤེས་རབ་ཉམས་པར་གྱུར། །དེ་དག་བདེ་བ་རྣམ་པར་ཞིག །བདེ་བའི་འདུ་ཤེས་ཞིག་པར་གྱུར། །དེ་དག་ཆོ་ག་ལོག་པ་ལགས། །དམ་ཆོས་མ་ལགས་རྣམས་ལ་གནས། །འཇིག་རྟེན་མགོན་གྱིས་མ་བརྟུལ་བས། །ངན་འགྲོ་རྣམས་སུ་དེ་དག་ལྟུང་། །དགེ་བ་འཇིག་རྟེན་སྒྲོན་མ་ཡི། །ཤིན་ཏུ་རིང་ནས་བྱོན་པར་འགྱུར། །སེམས་ཅན་ཀུན་གྱི་སླད་དུ་ཡང་། །རྗེས་སུ་ཐུགས་བརྩེ་འདིར་བྱུང་ངོ་། །སངས་རྒྱས་ཡེ་ཤེས་བླ་མེད་པ། །དགའ་ཞིང་བདེ་བར་རབ་ཏུ་བརྙེས། །ལྷ་དང་བཅས་པའི་འཇིག་རྟེན་དང་། །བདག་ཅག་ཁྱོད་ལ་རྗེས་ཡི་རང་། །གཙོ་བོ་ཁྱོད་ཀྱི་མཐུ་ཡིས་ནི། །གཞལ་མེད་ཁང་དག་རྣམ་བཀྲ་བ། །དཔའ་བོ་ཆེན་པོ་ཁྱོད་ལ་འབུལ། །ཐུབ་པ་ཆེན་པོ་བཞེས་སུ་གསོལ། །བདག་ཅག་རྣམས་ལ་ཐུགས་བརྩེའི་སླད། །རྣམ་འདྲེན་ཡོངས་སུ་སྤྱད་དུ་གསོལ། །བདག་ཅག་རྣམས་དང་སེམས་ཅན་ཀུན། །བྱང་ཆུབ་མཆོག་ལ་རེག་པར་བགྱི། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།
The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6135#UT22084-051-001-6135