།སེམས་ཅན་གང་གིས་ཆོས་འདི་མིང་ཐོས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཕྱིས་འབྱུང་སངས་རྒྱས་བྱེ་བ་མང་པོ་རྣམས། །དེ་དག་བསམ་གྱིས་མི་ཁྱབ་ཚད་ཀྱང་མེད། །འཇིག་རྟེན་མགོན་མཆོག་རྒྱལ་བ་དེ་དག་ཀྱང་། །ཐབས་འདི་རྣམས་ནི་རབ་ཏུ་སྟོན་པར་འགྱུར། །གང་གིས་སངས་རྒྱས་ཡེ་ཤེས་ཟག་མེད་པ། །འདི་ལ་སྲོག་ཆགས་བྱེ་བ་འདུལ་མཛད་པ། །འཇིག་རྟེན་རྣམ་པར་འདྲེན་པ་དེ་དག་གི། །ཐབས་ལ་མཁས་པ་དག་ནི་མཐའ་ཡས་འགྱུར། །ཆོས་འདི་ཐོས་ནས་སངས་རྒྱས་མི་འགྱུར་བ། །སེམས་ཅན་དེ་དག་ནམ་ཡང་གཅིག་ཀྱང་མེད། །བྱང་ཆུབ་ཕྱིར་སྤྱད་ནས་ནི་སྤྱོད་པར་གཞུག །དེ་ནི་དེ་བཞིན་གཤེགས་རྣམས་སྨོན་ལམ་མོ། །ཆོས་སྒོ་བྱེ་བ་སྟོང་ཕྲག་དུ་མ་དག །མ་འོངས་དུས་ན་རབ་ཏུ་སྟོན་འགྱུར་ཏེ། །ཐེག་པ་གཅིག་པོ་འདི་ནི་མངོན་སྟོན་ཅིང་། །དེ་བཞིན་གཤེགས་པ་ཉིད་དུ་ཆོས་སྟོན་འགྱུར། །ཆོས་ཀྱི་ཚུལ་འདི་རྟག་ཏུ་གནས་པ་དང་། །ཆོས་ཀྱི་རང་བཞིན་རྟག་ཏུ་འོད་གསལ་བར། །རྐང་གཉིས་དམ་པ་སངས་རྒྱས་རྣམས་མཁྱེན་ནས། །ང་ཡི་ཐེག་པ་གཅིག་ཅེས་སྟོན་པར་འགྱུར། །ཆོས་ཀྱི་གནས་ཉིད་སྐྱོན་མེད་ཆོས་ཉིད་ནི། །འཇིག་རྟེན་འདི་ན་རྟག་ཏུ་མི་གཡོ་ནས། །ས་ཡི་སྙིང་པོར་བྱང་ཆུབ་སངས་རྒྱས་ཏེ། །ཐབས་ལ་མཁས་པ་ཤིན་ཏུ་སྟོན་པར་འགྱུར། །ལྷ་མི་རྣམས་ཀྱིས་མཆོད་པའི་སངས་རྒྱས་རྣམས། །ཕྱོགས་བཅུ་བཞུགས་པ་གང་གཱའི་བྱེ་མ་སྙེད། །འདི་ན་སྲོག་ཆགས་ཐམས་ཅད་བདེ་བྱའི་ཕྱིར། །དེ་དག་རྣམས་ཀྱང་ཐེག་པ་མཆོག་འདི་འཆད། །ཞི་བའི་ས་མཆོག་འདི་ནི་སངས་རྒྱས་ནས། །ཐབས་ལ་མཁས་པས་རབ་ཏུ་སྟོན་མཛད་ཅིང་། །ཐེག་པ་རྣམ་པ་ཐ་དད་མངོན་པར་འཆད། །ཐེག་པ་གཅིག་པོའང་ཡོངས་སུ་སྟོན་མཛད་དོ། །ལུས་ཅན་ཀུན་གྱི་སྤྱོད་པ་རིག་པ་དང་། །དེ་བཞིན་སྔན་ཆད་ཅི་བསྒོམས་ཅི་བསམས་པ། །དེ་ཡི་མཐུ་དང་བརྩོན་འགྲུས་རྣམས་ཀྱང་རིག །ཤིན་ཏུ་དད་པ་མཁྱེན་ནས་རབ་ཏུ་སྟོན། །འདྲེན་པའི་ཡེ་ཤེས་སྟོབས་ཀྱིས་རྒྱུ་མང་དང་། །དཔེ་དང་གཞི་ཡང་མང་པོ་རབ་སྟོན་ཏེ། །སེམས་ཅན་མོས་པ་སྣ་ཚོགས་རིག་ནས་ནི། །སྣ་ཚོགས་མངོན་པར་བསྒྲུབ་པ་ཉེ་བར་སྟོན།