Degé Kangyur volume 51, F.9.a

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་དེས། ངེས་པར་བསྟན་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་བཤད་ནས། དེའི་ཚེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འཁོར་འདུས་པ་དེ་ཉིད་དུ་ཆོས་ཀྱི་གདན་ཆེན་པོ་དེ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ཏེ། མཐའ་ཡས་ངེས་པར་བསྟན་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་མི་གཡོ་ཞིང་སེམས་མི་གཡོ་བར་གྱུར་ནས་བཞུགས་སོ། །​བཅོམ་ལྡན་འདས་དེ་སྙོམས་པར་ཞུགས་མ་ཐག་ཏུ། བཅོམ་ལྡན་འདས་ལ་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྗུ་ཥ་ཀ་ཆེན་པོ་དང་། ལྷའི་མེ་ཏོག་དག་གི་ཆར་ཆེན་པོ་མངོན་པར་བབ་སྟེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མངོན་པར་འཐོར་རོ། །ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏེ། འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་ཀུན་ཏུ་རབ་ཏུ་ལྡེག །​འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས་སོ། །​མ་ཕམ་པ་ཡང་དེའི་ཚེ་འཁོར་དེར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་དང་། རྒྱལ་ཕྲན་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། གླིང་བཞིའི་འཁོར་ལོས་སྒྱུར་བ་རྣམས་འདུས་ནས་འཁོད་པར་གྱུར་པ་འཁོར་དང་བཅས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ལྟ་ཞིང་ངོ་མཚར་དུ་གྱུར་རྨད་དུ་གྱུར་དགའ་བར་གྱུར་ཏོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེའི་སྨིན་མཚམས་ཀྱི་བར་གྱི་མཛོད་སྤུ་ནས་འོད་ཟེར་གཅིག་བྱུང་ནས་དེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཉི་ཁྲི་བྱུང་སྟེ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་འོད་ཟེར་དེའི་འོད་ཀྱིས་ཤིན་ཏུ་ཁྱབ་པར་སྣང་བར་གྱུར་ཏེ། མ་ཕམ་པ་འདི་ལྟ་སྟེ་དཔེར་ན། ད་ལྟར་སངས་རྒྱས་ཀྱི་ཞིང་འདི་དག་སྣང་བར་གྱུར་པ་བཞིན་ནོ། །​མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6018#UT22084-051-001-6018