Degé Kangyur volume 31, F.36.b

དོ། །​སྟོང་པ་ཉིད་ཆོས་རྣམས་སོ། །​དེ་བཞིན་དུ་མིག་གི་ཁམས་ཀྱང་གཞན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་ལ། མིག་གི་ཁམས་ཀྱང་གཞན་མ་ཡིན་ཏེ། མིག་གི་ཁམས་ཉིད་སྟོང་པ་ཉིད་དོ། །​སྟོང་པ་ཉིད་མིག་གི་ཁམས་སོ། །​དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཡང་གཞན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་ལ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་གཞན་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བའི་བར་དུ་དེ་བཞིན་དུ་སྦྱར་རོ། །​དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་ལ། འཕགས་པའི་བདེན་པ་རྣམས་ཀྱང་གཞན་མ་ཡིན་ཏེ། འཕགས་པའི་བདེན་པ་རྣམས་ཉིད་སྟོང་པ་ཉིད་དོ། །​སྟོང་པ་ཉིད་འཕགས་པའི་བདེན་པ་རྣམས་སོ། །​དེ་བཞིན་དུ་མ་རིག་པ་ཡང་གཞན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་ལ། མ་རིག་པ་ཡང་གཞན་མ་ཡིན་ཏེ། མ་རིག་པ་ཉིད་སྟོང་པ་ཉིད་དོ། །​སྟོང་པ་ཉིད་མ་རིག་པའོ། །​དེ་བཞིན་དུ་སྦྱར་ཏེ། རྒ་ཤིའི་བར་ཡང་གཞན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་ལ། རྒ་ཤིའི་བར་ཡང་གཞན་མ་ཡིན་ཏེ། རྒ་ཤི་ཉིད་སྟོང་པ་ཉིད་དོ། །​སྟོང་པ་ཉིད་རྒ་ཤིའོ། །​ཤ་ར་དྭ་ཏིའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ་མི་འགག་ཅིང་། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ། །​དེ་ལ་ནི་འགྲིབ་པ་མེད་དོ། །​འཕེལ་བ་མེད་དོ། །​འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །​དེ་ལ་ནི་གཟུགས་མེད་དོ། །​ཚོར་བ་མེད་དོ། །​འདུ་ཤེས་མེད་དོ། །​འདུ་བྱེད་རྣམས་མེད་དོ། །​རྣམ་པར་ཤེས་པ་མེད་དོ། །​དེ་ལ་ནི་མིག་མེད་དོ། །​རྣ་བ་མེད་དོ། །​སྣ་མེད་དོ། །​ལྕེ་མེད་དོ། ལུས་མེད་དོ། །​ཡིད་མེད་དོ། །​གཟུགས་རྣམས་མེད་དོ། །​སྒྲ་རྣམས་མེད་དོ། །​དྲི་རྣམས་མེད་དོ། །​རོ་རྣམས་མེད་དོ། །​རེག་རྣམས་མེད་དོ། །​ཆོས་རྣམས་མེད་དོ། །​དེ་ལ་ནི་མིག་གི་ཁམས་མེད་དོ། །​གཟུགས་ཀྱི་ཁམས་མེད་དོ། །​མིག་གི་རྣམ་པར་ཤེས་པའི་ཁམས་མེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4819#UT22084-031-002-4819