Degé Kangyur volume 31, F.90.a

བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྒོམ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དེ་བཞིན་ནོ། །​རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་སྒོམ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སྙོམས་པར་འཇུག་ཅིང་། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱའོ་ཞེས་དེ་དག་ལ་ཕན་པའི་སེམས་ཉིད་དུ་གཏོད་པར་བྱེད་དོ། །​སྙིང་རྗེ་ལ་ཡང་སྙོམས་པར་འཇུག་ཅིང་དེ་དག་ལ་སྙིང་བརྩེ་བའི་སེམས་ཉིད་དུ་གཏོད་པར་བྱེད་དོ། །​དགའ་བ་ལ་ཡང་སྙོམས་པར་འཇུག་ཅིང་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་འགྲོལ་བར་བྱའོ། །​ཞེས་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོད་པར་བྱེད་དོ། །​བཏང་སྙོམས་ལ་ཡང་སྙོམས་པར་འཇུག་ཅིང་། སེམས་ཅན་ཐམས་ཅད་ཟག་པ་ཟད་པར་གྱུར་ཅིག་ཅེས་སྒོམ་ཞིང་དེ་ཡང་དེ་དག་ལ་གཏོད་པར་བྱེད་པ་འདི་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དེ་དག་ཉིད་ཀྱི་རྣམ་པ་དང་། རྟགས་དང་མཚན་མ་དག་གིས་སྙོམས་པར་འཇུག་ཅིང་ལྡང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་སྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དག་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་བསམ་གཏན་དང་། ཚད་མེད་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4926#UT22084-031-002-4926